དབུ་ཤོག
  • བོད་ཀྱིས་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་ལ་ལྟ་བཤེར་དག་ཐེར་བྱེད་ཤུགས་ཆེ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-08-28

    ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་དྲུག་པ་རང་ལྗོངས་སུ་བཅའ་སྡོད་བྱས་ཚུན་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཀྲུང་དབྱང་ལྟ་བཤེར་ཚོགས་ཆུང་གི་ལས་དོན་ཁག་ལ་གཞོགས་འདེགས་ཧུར་ཐག་བྱས་ནས་གནད་དོན་དག་ཐེར་ལ་དམ་འཛིན་ནན་པོ་བྱས་པ་དང་མང་ཚོགས་ཀྱི་དོ་ཁུར་བྱ་ཡུལ་ལ་བརྡ་ལན་ཡག་པོ་བསློགས་པ་རེད། ལྷག་དོན་དུ་ཇོ་མོ་གླང་མའི་སྒར་ས་ཆེན་པོ་དང་། ཡར་ཀླུང་གཙང་པོའི་རོང་ཆེན། གནམ་མཚོ་དང་མངའ་རིས་ས་ཁུལ་གྱི་གནས་རི་གནས་མཚོ་སོགས་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་ཡིག་བསྐུར་ངོ་བཅར་གྱི་ཐེར་འདོན་གྱོད་གཞིར་འབྲེལ་ཡོད་གྲོང་ཁྱེར་དང་། ས་ཁུལ། རྫོང་བཅས་ཀྱིས་འཕྲལ་མ་ཉིད་དུ་བྱ་སྤྱོད་སྤེལ་ནས་དག་ཐེར་དང་དམ་འཛིན་དངོས་དང་དག་ཐེར་ཏན་ཏིག་བྱས་ནས་ཁོར་ཡུག་སྲུང་སྐྱོང་གི་ལྟ་བཤེར་ལས་དོན་གོ་སྐབས་སུ་བཟུང་སྟེ། ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་གནས་པའི་སྣོད་བཅུད་ཁོར་ཡུག་གི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་པ་དང་། འཛམ་གླིང་གི་སྣེ་གསུམ་པའི་ཡུལ་སྐོར་གསར་སྤེལ་དང་ཁོར་ཡུག་སྲུང་སྐྱོང་མཐུན་སྦྱོར་འཕེལ་རྒྱས་ཡོང་རྒྱུར་སྔར་བས་སྐུལ་འདེད་བཏང་སྟེ་གངས་ལྗོངས་ས་མཐོར་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཐུབ་པ་བྱས་ཡོད་པ་རེད།

    རང་སྐྱོང་ལྗོངས་ཞིབ་བཤེར་བསུ་བའི་གཞུང་ལས་ཁང་དག་ཐེར་སྒྲུབ་སྐུལ་ཚོགས་ཆུང་གི་ལས་དོན་མི་སྣ་ལི་ཅ་ཁྲེང་གིས་མིག་སྔར་འབྱོར་བའི་ཡིག་བསྐུར་ངོ་བཅར་གྱོད་གཞི་བཞིའི་ནང་མང་ཚོགས་ཀྱིས་ཐེར་འདོན་བྱས་པའི་གཙོ་གནད་མང་ཆེ་བ“མཛེས་ལྗོངས་ཁུལ་དུ་གད་སྙིགས་མང་བ་དང་གཙང་བཟོ་དུས་ཐོག་ཏུ་མ་བྱུང་བའི”གནད་དོན་རེད། དེའི་ཐད་རིམ་པ་ཁག་དང་སྡེ་ཚན་ཁག་གིས་འཕྲལ་མ་ཉིད་དུ་དག་ཐེར་ཇུས་གཞི་བཟོས་ནས་ཁོར་ཡུག་གཙང་སྦྲའི་མི་སྣ་མང་དུ་གཏོང་བ་དང་། དང་བླངས་པ་དང་ཉེ་འཁོར་གྱི་མང་ཚོགས་སྒྲིག་འཛུགས་བྱེད་པ། ཁོར་ཡུག་སྲུང་སྐྱོང་གི་གད་གཞོང་མང་དུ་གཏོང་བ། ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་བྱང་བུ་མང་དུ་གཏོང་བ་སོགས་ཀྱི་བྱ་ཐབས་སྤྱད་དེ་མཛེས་ལྗོངས་ཁུལ་གྱི་གད་སྙིགས་གཙང་སེལ་དང་དབོར་འདྲེན་གྱི་སྤུས་ཚད་མཐོ་རུ་དང་ལས་ཆོད་ཆེ་རུ་བཏང་ཡོད། དཔེར་ན། བསྒྲུབ་རྒྱུར་སྤྲད་པའི་གྱོད་གཞི་འབྱོར་རྗེས་སྤུ་ཧྲེང་རྫོང་སྲིད་གཞུང་གིས་འཕྲལ་དུ་གད་སྙིགས་གཙང་སེལ་ལས་དོན་སྤེལ་བ་དང་དུས་མཚུངས་མཛེས་ལྗོངས་ཁུལ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ་གད་སྙིགས་དབོར་འདྲེན་བྱེད་ནུས་ཆེ་རུ་བཏང་བ་དང་དུས་ཐོག་ཏུ་གཙང་བཟོ་ཐུབ་པའི་འགན་ལེན་བྱས་ཡོད། མཛེས་ལྗོངས་ཁུལ་གྱི་ཁོར་ཡུག་གཙང་སྦྲའི་དོ་དམ་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་ཁོར་ཡུག་གཙང་སྦྲ་གཙང་བཟོ་ཁྱོན་ཡོངས་ལ་ཁྱབ་པ་དང་ཁུག་ཆ་མི་ལུས་པའི་འགན་ལེན་བྱས་ཏེ། མཛེས་ལྗོངས་ཁུལ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་ལ་ཕུགས་ཕན་ལམ་སྲོལ་ཆགས་རྒྱུར་སྐུལ་འདེད་བཏང་ཡོད་ཅེས་གསར་འགོད་པར་བཤད་བྱུང་།

    གནད་དོན་འཚོལ་ཞིབ་གཏིང་ཟབ་དང་དག་ཐེར་ནུས་ལྡན་བྱེད་པ་དང་དུས་མཚུངས་ཉེན་བརྡ་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཆེད། རང་ལྗོངས་ཀྱིས་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་དང་ཁོར་ཡུག་གནད་དོན་ལ་དམིགས་ནས་འབྲེལ་ཡོད་འགན་ཁུར་བར་འགན་འཁྲི་བདའ་འདེད་བཏང་བ་དང་སྦྲགས་འབྲེལ་ཡོད་ཚན་པར་ཆད་གཅོད་གཏན་འབེབས་བྱས་པ་རེད།

    ཇོ་མོ་གླང་མའི་རང་བྱུང་སྲུང་སྐྱོང་ཁུལ་དིང་རི་རྫོང་ཁོངས་ཀྱི་སྒྲིག་འགལ་འཛུགས་སྐྲུན་གནད་དོན་ལ་དམིགས་ནས་འབྲེལ་ཡོད་འགན་ཁུར་བར་འགན་འཁྲི་བདའ་འདེད་བཏང་བ་སྟེ། མི་5ལ་འགན་འཁྲི་བདའ་འདེད་བཏང་ཞིང་། དེའི་ནང་རྫོང་རིམ་པའི་ལས་བྱེད་པ་1དང་ཁོའོ་རིམ་པའི་ལས་བྱེད་པ་4ཡོད་པ་དང་། མི་3ལ་བསླབ་འདོམས་སྐུལ་ལྕག་གི་གླེང་མོལ་བྱས་ཤིང་། མི་2ལ་སྲིད་འཛིན་གྱི་ཐ་ཚིག་བསྒྲགས་པ་རེད། བར་ག་ཤང་ཏང་ཨུད་དང་སྲིད་གཞུང་གིས་ཁོར་ཡུག་སྲུང་སྐྱོང་ལས་དོན་ཡག་པོ་མ་བསྒྲུབས་པས་མངའ་རིས་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་ས་ཁུལ་ཡོངས་སུ་བརྡ་ཁྱབ་སྐྱོན་བརྗོད་བྱས་ཡོད། སྤུ་ཧྲེང་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་མི་5ལ་སྐོང་འདྲི་བྱས་པ་དང་། དེའི་ནང་རྫོང་རིམ་པའི་ལས་བྱེད་པ་1དང་ཁོའོ་རིམ་པའི་ལས་བྱེད་པ་4ཡོད། དེ་དང་ཆབས་ཅིག་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་འཁུར་མཁན་འབྲེལ་ཡོད་ཚན་པར་གྱོད་དོན་ཐོ་འགོད་བྱས་ནས་སྲིད་འཛིན་ཆད་པ་བཅད་པ་རེད། སྨན་གླིང་རྫོང་གི་རྫོང་ཨུད་ཀྱི་འགོ་ཁྲིད་གཙོ་བོས་ཡུལ་སྐོར་ཀུང་སིའི་འགན་ཁུར་བར་སྐོང་འདྲི་བྱས་པ་དང་། གཞན་ད་དུང་རྫོང་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་ལ་རྫོང་དེ་ཡོངས་ཀྱི་ཁྱབ་ཁོངས་སུ་བརྡ་ཁྱབ་སྐྱོན་བརྗོད་བྱས་པ་དང་འབྲེལ་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་འགན་ཁུར་བས་རང་སྐྱོན་རང་བརྗོད་གཏིང་ཟབ་བྱེད་དགོས་པའི་བཀའ་བཏང་ཞིང་། རྫོང་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱིས་འབྲེལ་ཡོད་ཡུལ་སྐོར་ཀུང་སི་དང་རྣམ་གྲངས་ཨར་སྐྲུན་རུ་ཁག་ལ་ཁྲིམས་བཞིན་དངུལ་ཆད་སྒོར་ཁྲི་3དང་2ཁག་སོ་སོར་བཅད་པ་རེད།

    “དུས་ཡུན་རིང་པོར་རང་ལྗོངས་ཀྱིས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་ལྗང་མདོག་འཕེལ་རྒྱས་ཀྱི་ལྷུ་ཚིགས་གལ་ཆེན་ཞིག་ལ་བརྩིས་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་བླང་བྱ་ཡུལ་སྐོར་འཕེལ་རྒྱས་ཀྱི་བརྒྱུད་རིམ་ནང་མཉམ་འདྲེས་ཐུབ་པ་བྱས་ཏེ། སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་བོད་ཀྱི་སྔོ་ཞིང་དྭངས་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་བྱས་པ་དང་དུས་མཚུངས། བོད་ཀྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་གསེར་རི་དངུལ་རི་བཏོད་ཡོད”ཅེས་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་ཏང་ཙུའི་ཧྲུའུ་ཅི་ཧུའུ་ཝུའེ་མིང་གིས་བརྗོད་པ་དང་། ཁོང་གིས་ཐེངས་འདིའི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་དག་ཐེར་ལས་དོན་ཁག་དོན་འཁྱོལ་ཐུབ་པ་དང་དུས་བསྟུན་ནས་རང་ལྗོངས་ཀྱིས“སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི”སྣོད་བཅུད་སྲུང་སྐྱོང་གི་འདུ་ཤེས་ལག་ལེན་བསྟར་རྒྱུར་སྐུལ་འདེད་ཐུབ་ནས་སྣོད་བཅུད་སྲུང་སྐྱོང་གི་མཐའ་ཚད་མཐའ་གཅིག་ཏུ་བསྲུང་ཐུབ་ངེས་རེད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།