དབུ་ཤོག>གསར་འགྱུར།
  • མི་རིགས་མཐུན་སྒྲིལ་གྱི་གླུ་དབྱངས་མཉམ་དུ་ལེན་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2017-08-25

    ཉེ་བའི་ལོ་ཤས་རིང་། དགེ་རྒྱས་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་ཏན་ཏིག་སྤེལ་ཏེ། མི་རིགས་ལས་དོན་ཁག་གཏིང་ཟབ་སྤེལ་ནས་མི་རིགས་མཐུན་སྒྲིལ་ལས་དོན་གྱི་རྣམ་པ་གསར་པ་བཏོད་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལེའུ་གསར་པ་ཞིག་བརྩམས་པ་རེད།

    མི་རིགས་མཐུན་སྒྲིལ་གྱི་བསམ་བློ་མི་སེམས་ལ་གཏིང་ཟབ་ཟུག་པ།

    མཐུན་སྒྲིལ་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་དབར་གྱི་འབྲེལ་བ་ཟབ་པ་དང་ཕན་ཚུན་གཅིག་ལ་གཅིག་རྟེན་ཡིན།

    དགེ་རྒྱས་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་ཆོས་ལུགས་སྲིད་ཇུས་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་བཅས་ཀྱི་སློབ་སྦྱོང་སློབ་གསོ་ནང་དོན་གལ་ཆེན་དུ་བྱས་ཏེ་ལས་དོན་ཁག་ལ་ཁྱབ་པར་བྱས་པ་དང་འབྲེལ། ལས་རྗེས་ཞིབ་བཤེར་དང་དཔྱད་ཞིབ་བྱེད་པའི་ལྷུ་ཚིགས་གལ་ཆེན་ཞིག་ཏུ་བྱས་ཏེ་ལས་བྱེད་མང་ཚོགས་ཚོར་མི་རིགས་ཆོས་ལུགས་སྲིད་ཇུས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རང་རྟོགས་ངང་ལག་བསྟར་དོན་འཁྱོལ་བྱ་རྒྱུར་ཟམ་མི་ཆད་པར་སློབ་གསོ་བརྒྱབ་ནས་མི་རིགས་མཐུན་སྒྲིལ་ལ་བརྟེན་ནས་སྤྱི་ཚོགས་བརྟན་ལྷིང་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་པ་རེད།

    དགེ་རྒྱས་རྫོང་གི་མི་རིགས་ཁག་གི་ལས་བྱེད་པས་སྔ་ཕྱི་བར་གསུམ་དུ་མི་རིགས་ཁག“ཐུན་མོང་ཐོག་མཐུན་སྒྲིལ་ཡར་ཐོན་དང་། ཐུན་མོང་ཐོག་དར་རྒྱས་གོང་འཕེལ”ཡོང་བའི་བསམ་བློའི་འདུ་ཤེས་མཐའ་འཁྱོངས་དང“ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་བརྟན་པོ་བཅངས་ཏེ་མི་རིགས་མཐུན་སྒྲིལ་གྱི་ལས་དོན་དེ་སེམས་ནུས་གཅིག་སྒྲིལ་དང་། མགྱོགས་མྱུར་འཕེལ་རྒྱས། ཞི་མཐུན་སྐུལ་གཏོང་བཅས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་དུ་བྱེད་པ་དང་། རྫོང་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་བསམ་བློ་དང་བྱ་སྤྱོད་རྫོང་ཨུད་དང་རྫོང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་འཛུགས་སྐྲུན་ལ་ཞུགས་པའི་སྤྲོ་སེམས་དང་གསོན་ཤུགས་ཧུར་ཐག་འཕེལ་ཐབས་བྱས་པ་རེད།

    ཐབས་མང་མཉམ་སྤྱོད་ཀྱིས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བཏང་བ།

    རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱི་ཁྲོད་དུ་མི་རིགས་ཡར་ཐོན་གསར་འཛུགས་བྱེད་སྒོ་གཏིང་ཟབ་སྤེལ་ཆེད། མི་རིགས་མཐུན་སྒྲིལ་མཛའ་བརྩེ་དང“ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་བརྟན་པོ་འཆང་བའི་དྲིལ་བསྒྲགས་སློབ་གསོ་བཏང་བ་རེད།

    དགེ་རྒྱས་རྫོང་གི་སློབ་གྲྭ་འབྲིང་ཆུང་གི་འཛིན་གྲྭ་ཁག་གིས་ནག་པང་ཚགས་པར་གཉེར་བའི་འགྲན་བསྡུར་བྱས་ནས་སློབ་གྲྭའི་དགེ་སློབ་ཀྱི་ཁྲོད་དུ་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་མཉམ་འབད་ཀྱི་ནུས་པ་ཐོན་ཡོད། ཁྲོམ་གཞུང་དང་གཙོ་གནད་ཁུལ་སོགས་སུ་མི་རིགས་མཐུན་སྒྲིལ་དང་འབྲེལ་བའི་སྦྱར་ཡིག་དང་འཕྲེད་འགེལ་ཡི་གེ་བཀལ་བ་དང“གུང་ཁྲན་ཏང་ཡག

    སྤྱི་ཚོགས་རིང་ལུགས་ཡག སྒྱུར་བཅོས་སྒོ་འབྱེད་ཡག རླབས་ཆེན་མེས་རྒྱལ་ཡག མི་དམངས་དམག་དཔུང་ཡག མི་རིགས་ཁག་གི་མི་དམངས་ཡག”ཅེས་པའི་བརྗོད་དོན་གཙོ་བོའི་གླུ་གཞས་བཏང་ནས་ཁྱིམ་ཚང་ཚང་མས་ཤེས་པ་དང་མི་ཚང་མས་ཤེས་པར་བྱས་ཡོད། གལ་ཆེའི་དྲན་རྟེན་ཉིན་མོ་དང་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་སྤྱད་ནས་ལས་བྱེད་པ་དང་མང་ཚོགས་སྒྲིག་འཛུགས་ཀྱིས་སྣ་མང་ཕུན་སུམ་ཚོགས་པའི་རིག་རྩལ་བྱེད་སྒོ་སྤེལ་ཏེ་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་སེམས་མཐུན་དང་ཞི་མཐུན་མཉམ་གཏོད་ཀྱི་བསམ་པའི་ཉམས་འགྱུར་མངོན་པར་བྱས་ཡོད།

    ཚོད་ལྟ་བྱ་ཡུལ་སྣ་ཕུག་གྲོང་ལྷན་དཔེ་སྟོན་གྲོང་ཚོས་འཕྲལ་དུ་བཙུགས་པའི“མི་རིགས་མཐུན་སྒྲིལ་གྱི་འོས་འགན་ལས་མིའི་རུ་ཁག”ནི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་། ཕྱི་ནས་ལས་མི་བྱེད་པར་ཡོང་མཁན་མི་སྣ། ཁེ་ལས་དང་བྱ་གཞག་ལས་རིགས་ཀྱི་འཐུས་མི། ཁེར་རྐྱང་བཟོ་ཚོང་དུད་ཚང་སོགས་ལས་གྲུབ་པ་དང་དམངས་ཁྲོད་རྩ་འཛུགས་ཀྱིས་རྫོང་ཡོངས་ཀྱི་མི་དམངས་མང་ཚོགས་ལ་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད།

    ཆ་འཕྲིན་རོགས་སྐྱོར་གྱིས་མི་རིགས་མཐུན་སྒྲིལ་ཟབ་ཏུ་བཏང་བ།

    དགེ་རྒྱས་རྫོང་གིས་ཐོག་མཐའ་བར་གསུམ་དུ་མི་རིགས་ལས་དོན་གལ་ཆེའི་མང་ཚོགས་ལས་དོན་དུ་བརྩིས་ནས་དམ་འཛིན་བྱེད་པ་དང་“ཏང་ཡོན་ལས་བྱེད་པ་གྲོང་ཚོ་དང་དུད་ཚང་དུ་སྐྱོད་པ་དང་ཆ་སྒྲིག་གཉེན་འཚོལ་དང་གྲོགས་པོ་སྒྲིག་པའི”བྱེད་སྒོ་སྤེལ་བ་དམ་འཛིན་བྱ་གཞིར་བྱས་ཏེ་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱས་པ་དང་། གྲོང་སྡོད་ལས་བྱེད་པའི་ལས་དོན་སྤེལ་ཟབ་ཏུ་གཏོང་བ་སྦྲེལ་ཐག་ཏུ་བྱས་ནས་ཐད་ཀར་མང་ཚོགས་ལ་ཞབས་འདེགས་ཞུས་པ། སྔོན་ཐོན“གཉིས་ལྡན་དུད་སྦྲེལ”གྱི་གཏོད་འདེམས་བྱེད་སྒོར་སྐུལ་འདེད་གཏོང་བ་གཞི་རྟེན་དུ་བྱས་ནས་རྒྱ་ཁྱབ་ངང་མང་ཚོགས་དང་མཐུན་སྒྲིལ་བྱས་ཡོད་པ་རེད།

    དགེ་རྒྱས་རྫོང་གིས་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་བྱེད་སྒོ་དང“དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་། དམངས་ཀྱི་སེམས་ཁྲལ་སེལ་བ། དམངས་སེམས་དྲོད་པར་བྱེད་པ”བཅས་ཀྱི་འདུ་འགོད་ལག་ལེན་བསྟར་བ་དང་ཟུང་འབྲེལ་དང་། རྫོང་ཡོངས་ཀྱི“ཉམས་ཞན་ཚོགས་སྤྱིར”དོ་ཁུར་བྱེད་པ་ལས་འགན་དུ་རྩི་བ། འཆར་གཞི་ཡོད་པ་དང་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས“གཅེས་སེམས་ཞལ་འདེབས་འབུལ་བ”དང་། “དམག་བཀུར་ཁྱིམ་སྐྱོང” “དབུལ་སྐྱོར་དང་དབང་སྐྱོན་ལ་རོགས་རམ” “རྒན་བཀུར་རྒན་གཅེས”སོགས་ཀྱི་བྱེད་སྒོ་ཁག་སྤེལ་བ་བཅས་བྱས་ཏེ“གཞན་གྱིས་བདག་ལ་ཕན་པ་དང་བདག་གིས་གཞན་ལ་ཕན་པའི”དར་སྲོལ་བཟང་པོ་ཞིག་དར་སྤེལ་བཏང་བ་རེད།

    ལོ་མང་རིང་དགེ་རྒྱས་རྫོང་གིས་རྒྱུན་སྲིང་ལྷོད་མེད་ངང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་བྱེད་སྒོ་སྤེལ་བ་དང་། རྫོང་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་ཡུན་རིང་བརྟན་ལྷིང་གི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་པ། མི་རིགས་ཀྱི་བྱ་གཞག་དང་དཔལ་འབྱོར་དང་སྤྱི་ཚོགས་མཉམ་དུ་འཕེལ་རྒྱས་ཀྱི་སྒྲིག་ལམ་བཟང་པོར་སྐུལ་འདེད་ནུས་ལྡན་བཏང་བ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།