དབུ་ཤོག>གསར་འགྱུར།
  • ནམ་ཡང་གནས་ཐུབ་པའི་སྨན་བཅོས་རུ་ཁག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-08-08

    ལྷ་ས་ནས་པེ་ཅིང་བར་ལམ་ཐག་སྤྱི་ལེ་4000ཡོད་པ་རེད། པེ་ཅིང་ཆིང་ཧྭ་ཁྲང་ཀེང་སྨན་ཁང་མོ་ནད་ཚན་ཁག་ནས་ཡོང་བའི་སྨན་པ་ལུའེ་ཐའོ་བོད་སྐྱོར་ལས་འགན་ལེགས་གྲུབ་ཟིན་ནས་པེ་ཅིང་དུ་ཕྱིར་ལོག་བྱེད་རྩིས་ཡོད་པ་རེད།

    འདས་ཟིན་པའི་ལོ་གཉིས་ནང་རྒྱལ་ཡོངས་ཀྱི་ཀ་པ་རིམ་པ་གསུམ་པའི་སྨན་ཁང་ཆེ་གྲས་ཁག་ནས་ཡོང་བའི་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་པ་ཚོས་ས་མཐོ་མ་འཕྲོད་པ་ལ་སོགས་ཁྱད་བསད་བྱས་ནས་རྩེར་སོན་གྱི་སྨན་བཅོས་ལག་རྩལ་དང་བླ་ན་མེད་པའི་སྨན་པའི་ཀུན་སྤྱོད་ལ་བརྟེན་ནས་བོད་ཀྱི་ནད་པ་ཚོར་བདེ་སྐྱིད་བསྐྲུན་ཡོད་པ་རེད།

    བདེ་ཆེན་ནི་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་དཀྱིལ་རུ་ཤང་རལ་གྲི་སྒང་གྲོང་ཚོའི་གྲོང་མི་ཡིན་པ་དང་ཁྱིམ་ཚང་གི་འཚོ་བ་ཧ་ཅང་སྐྱོ་པོ་ཡོད། ཨ་མར་འབྲས་སྐྲན་ཕོག་པ་ཤེས་འཕྲལ་ལྷ་སར་གླ་པ་བྱེད་བཞིན་པའི་བུ་མོ་དབྱངས་ཅན་ལ་སེམས་སྡུག་ཧ་ཅང་ཆེན་པོ་བྱུང་ཡོད། ཁོང་གིས་སྨན་པས་ནང་སར་གཤག་བཅོས་བྱེད་པར་སྐྱོད་དགོས་ལུགས་བརྗོད་རུང་ཁྱིམ་ཚང་ལ་དཔལ་འབྱོར་གྱི་ཆ་རྐྱེན་མེད་ཅེས་བཤད།

    ཕྱོགས་མང་པོར་སྐད་ཆ་བྲིས་པ་བརྒྱུད། དབྱངས་ཅན་གྱིས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དུ་བོད་སྐྱོར་སྨན་པ་ཡོད་པ་ཤེས་ནས་ལྷ་སར་སྨན་བཅོས་བྱེད་པར་བསྐྱོད་རྒྱུ་དེ་ནང་མི་ཚོའི་མཐའ་མའི་རེ་བ་དེར་གྱུར། མིག་མཆི་ཞག་གིས་ཁེངས་པའི་དབྱངས་ཅན་གྱིས་སྨན་པ་ལུའེ་ཐའོ་ཡི་ལག་ནས་བཟུང་སྟེ“བོད་སྐྱོར་སྨན་པ་ཐག་ཉེ་སར་ཡོད་པ་ལས་གཤག་བཅོས་ཡག་པོ་བྱུང་བ་མ་ཟད། སྨན་རིན་ཡང་མང་པོ་ཕྱིན་མ་སོང་། ང་ཚོར་དངོས་གནས་ལམ་འགྲོ་རྒྱུག་སོང”ཞེས་བཤད།

    ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་མོ་ནད་ཚན་ཁག་གི་སྨན་པ་འབུམ་རམས་པ་གཞོན་པ་སྐལ་དབྱངས་ཀྱིས་ད་རེས་ཀྱི་གཤག་བཅོས་དེ་ནི་ངའི་ངོས་ནས་བརྗོད་ན་ཐོབ་པར་དཀའ་བའི་གོ་སྐབས་ཤིག་རེད་ཅེས་བཤད།

    གཤག་བཅོས་ཀྱི་ལས་རོགས་དང་པོ་ཡིན་པའི་ངོས་ནས་སྐལ་དབྱངས་གཤག་བཅོས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ནང་ཞུགས་ཤིང་། ཁོང་གིས“དེ་སྔ་ནད་པ་དེ་རིགས་སྤྱིར་བཏང་ནང་སར་སྨན་བཅོས་བྱེད་པར་བསྐྱོད་རྒྱུའི་གྲོས་འགོ་འདོན་གྱི་ཡོད། ང་ཚོར་གཤག་བཅོས་དེ་རིགས་ལེགས་གྲུབ་ཡོང་བའི་གདེང་ཚོད་མེད་ལ་རྗེས་མཐུད་ཀྱི་སྨན་བཅོས་ཀྱང་བྱེད་ཁག་པོ་ཡོད་པས་རེད། བོད་སྐྱོར་སྨན་པས་ང་ཚོར་ལྷག་བསམ་ཟོལ་མེད་ཀྱི་བརྩེ་བ་བཅངས་ནས་སྦ་གསང་མེད་པར་གཤག་བཅོས་དེ་རིགས་བསླབ་པ་ནི་ང་ཚོའི་ངོས་ནས་བརྗོད་ན་སློབ་སྦྱོང་གི་གོ་སྐབས་ཡག་པོ་ཞིག་རེད”ཅེས་བཤད།

    ལུའེ་ཐའོ་ཡིས“ང་དང་སྐལ་དབྱངས་ཁོང་ཚོ་ཚོགས་པ་གཅིག་ཡིན་པས་ལས་ཀའི་ཐད་ང་ཚོས་ཕན་ཚུན་སློབ་སྦྱོང་བྱེད་པ་དང་འཚོ་བའི་ཐད་ཁོང་ཚོས་ངར་ལྟ་རྟོག་བྱེད་ཀྱི་ཡོད། འདི་གར་རྒན་རབས་ཚོས་བརྗོད་པའི་སྨན་པ་དང་ནད་པའི་དབར་གྱི་གཡོ་ཟོལ་མེད་པའི་འབྲེལ་བ་དངོས་འབྲེལ་ཚོར་ཐུབ་ཀྱི་འདུག ནད་པ་སྐྱོབ་ཐུབ་པའི་གདེང་ཚོད་1%ལས་མེད་ནའང་ངས་ནུས་ཤུགས་ཡོད་རྒུས་སྐྱོབ་འདོད་བྱེད་ཀྱི་ཡོད”ཅེས་བཤད།

    སྨན་ཁང་འཕེལ་རྒྱས་འགྲོ་ཐུབ་པ་བྱ་རྒྱུ་དེ་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱ་རྒྱུར་རག་ལུས་ཡོད། རྒྱལ་ཁབ་ཀྱི་སྲིད་ཇུས་བེད་སྤྱོད་དང་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པའི་རྨང་གཞིའི་ཐོག་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་གྱིས་ས་གནས་དེ་གའི་མི་སྣ་གསོ་སྦྱོང་དང་གསོ་སྐྱོང་བྱ་རྒྱུར་དེ་བས་སྣང་ཆེན་བྱེད་ཀྱི་ཡོད།

    ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་བྱིས་པའི་གློ་ཡུ་ཕྲ་བའི་ལྟ་ཤེལ་ལྟེ་གནས་བར་ཁྱམས་ཀྱི་ཟུར་ཞིག་ཏུ་སྨན་བཅོས་སྒམ་དཀྱུས་མ་ཞིག་བཞག་ཡོད་པ་དང་དེའི་ནང་ཞ་མྱུག་གི་ཁ་དང་ཀྭ་ཙེ་སོགས་ཤེལ་དམ་ནང་བླུགས་པའི་དངོས་པོ་ཡ་མཚན་ཅན་སྣ་ཚོགས་སྒྲིག་ཡོད།

    ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་བྱིས་པའི་ཚན་ཁག་གི་སྨན་པ་འབུམ་རམས་པ་གཞོན་པ་གཡུ་སྒྲོན་གྱིས“དངོས་པོ་ཡ་མཚན་ཅན་དེ་དག་ནི་ནད་གཞི་ཕོག་པའི་བྱིས་པའི་གཟུགས་པོའི་ནང་ནས་བཏོན་པ་ཤ་སྟག་ཡིན་པ་དང་ནད་པ་ལོ་ཆུང་ཤོས་ཟླ་བ་བཅུ་ཙམ་ལས་སླེབས་མེད”ཅེས་བཤད།

    ཁག་དང་པོའི་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་པ་འབུམ་རམས་པ་གཡང་ཧའེ་མིང་གི་གསོ་སྐྱོང་དང་མཛུབ་ཁྲིད་འོག་ད་ཆ་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་བྱིས་པའི་ཚན་ཁག་གི་སྨན་པ་འབུམ་རམས་པ་གཞོན་པ་གཡུ་སྒྲོན་དང་སྨན་པ་ཚེ་རིང་མགོན་པོ་གཉིས་དང་ས་གནས་དེ་གའི་ནད་སྐྱོང་པ་གཉིས་ཀྱིས་གཤག་བཅོས་ཁག་60ལྷག་ཙམ་ཁེར་རྐྱང་ངང་བྱེད་ཐུབ་ཀྱི་ཡོད་པའི་ནང་དཀའ་གནད་ཅུང་ཆེ་བའི་དངོས་པོ་ཡ་མཚན་ཅན་འདོན་པའི་གཤག་བཅོས་ཚུད་པ་མ་ཟད། ད་དུང་ཁོང་ཚོས་ཀྱང་ས་གནས་དེ་གའི་སྨན་དོན་མི་སྣ་གཤག་བཅོས་དེ་རིགས་ནང་ཞུགས་སུ་འཇུག་གི་ཡོད།

    གཡུ་སྒྲོན་གྱིས“དེ་སྔ་ནད་གཞི་དེ་རིགས་ཕོག་པའི་བྱིས་པ་ནང་སར་སྨན་བཅོས་བྱེད་པར་མངགས་ཀྱི་ཡོད་པས་འགྲོ་སོང་ཆེན་པོ་ཡོད་སྟབས་ཁྱིམ་ཚང་མང་པོ་སྐྱོད་མི་ཐུབ་པར་དངོས་པོ་ཡ་མཚན་ཅན་དེ་དག་གཟུགས་པོའི་ནང་ལུས་ཏེ་ནད་གཞི་གཞན་ཐོན་གྱི་ཡོད། འོན་ཀྱང་ད་ཆ་ང་ཚོའི་སྨན་པས་གཤག་བཅོས་དེ་རིགས་བྱེད་ཐུབ་ཀྱི་ཡོད་པས་སྨན་བཅོས་དེ་རིགས་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་ཡོད་པ་ལས་བྱུང་བ་ཞིག་རེད”ཅེས་བཤད།

    མིག་སྔར་ལྗོངས་ཡོངས་ཀྱི“ནད་གཞི་ཆེ་རིགས་རང་སྐྱོང་ལྗོངས་སུ་བཅོས་ཐུབ་པའི”མཐིལ་འདོགས་སྨན་ཁང་ཡིན་པའི་ངོས་ནས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དུ“ནད་གཞི་ལྕི་རིགས”ཁག་266ལྗོངས་ཕྱིར་སྐྱོད་མི་དགོས་པར་སྨན་བཅོས་ཐུབ་ཀྱི་ཡོད་པ་དང་གྲོང་ཁྱེར་དང་ས་ཁུལ་གཞན་6ལ“ནད་གཞི་འབྲིང་རིགས”ཁག་1726ཕྱིར་སྐྱོད་མི་དགོས་པར་སྨན་བཅོས་ཐུབ་ཀྱི་ཡོད། རྒྱུན་དུ་ཕོག་སླ་བའི“ནད་གཞི་ཆུང་རིགས”རྫོང་སྨན་ཁང་དུ་སྨན་བཅོས་ཐུབ་ཀྱི་ཡོད།

    རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཡུན་ཐིང་གིས་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་གྱིས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་བོད་སྐྱོར་ལས་ཀའི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས“ནམ་ཡང་གནས་ཐུབ་པའི་སྨན་བཅོས་རུ་ཁག”ཅིག་ཧུར་ཐག་བཙུགས་ཡོད་ཅེས་བཤད།

    ཝང་ཡུན་ཐིང་གིས“སྨན་ཁང་གིས་ཚན་པ་འགན་གཙང་བླངས་པ”བརྒྱུད“1+7”སྨན་ཁང་གི་དཀའ་གནད་ཆེ་ལ་ཉེན་ཁ་ཚབས་ཆེན་གྱི་ནད་གཞི་ལྕི་རིགས་སྨན་བཅོས་བྱེད་ནུས་དང་ཚན་རིག་དང་མཐུན་པའི་སྤུས་ཚད་ཚོད་འཛིན་མ་ལག་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་པས་ས་གནས་དེ་གའི་དོན་དངོས་དང་འཚམ་པའི་ཚན་ཁག་གཙོ་བོ་ཁག་གཅིག་མེད་པ་ནས་ཡོད་པའི་བར་དང་ཡོད་པ་ནས་སྤུས་ལེགས་བར་འཕེལ་རྒྱས་མྱུར་པོ་བྱུང་སྟེ་ཞབས་ཞུའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་འགྲོ་ཐུབ་པ་བྱུང་ཡོད་ཅེས་ངོ་སྤྲོད་བྱས།

    ཨན་ཧུའེ་ཞིང་ཆེན་གྱི་ཚོགས་སྒྲིག་རྣམ་པའི་སྨན་བཅོས་བོད་སྐྱོར་གྱི་རུ་སྣེ་འཁྲིད་མཁན་ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཡོན་ཀྲང་ཡུས་ཏེ་ཚའེ་ཡིས“ང་ཚོའི་དམིགས་ཡུལ་ནི་ནམ་ཡང་གནས་ཐུབ་པའི་དཔུང་ཁག་ཅིག་བཏོད་དེ་སྨན་བཅོས་སྐོར་གྱི་ཤེས་བྱ་དང་ལག་རྩལ་ཐད་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། དེ་བས་གལ་ཆེ་བ་ཞིག་ནི་བོད་ཀྱི་རིམ་ཁག་སྨན་ཁང་མིང་དོན་མཚུངས་པ་ཞིག་ཏུ་བསྐྲུན་རྒྱུ་དེ་ཡིན་ཞིང་། སྨན་ཁང་དོ་དམ་དང་། རིག་ཚན་འཛུགས་སྐྱོང་། ཤེས་ལྡན་མི་སྣ་གསོ་སྐྱོང་བཅས་བྱ་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་ང་ཚོས་བོད་སྐྱོར་བྱེད་པའི་གཞི་རྩའི་ལས་འགན་གསུམ་པོ་དེ་ཡིན”ཞེས་བཤད།

    ལོ་གཉིས་རིང་ཚོགས་སྒྲིག་རྣམ་པའི་སྨན་བཅོས་བོད་སྐྱོར་གྱིས་མེས་རྒྱལ་ནང་ས་དང་བོད་གཉིས་དམ་པོར་སྦྲེལ་ཡོད།

    ཝང་ཡུན་ཐིང་གིས་ཁག་ཐེངས་གཉིས་ཀྱི་བོད་སྐྱོར་སྨན་བཅོས་ཀྱི་རིགས་གཅིག་མཁས་ཅན་324ཡིས་རྒྱུན་མཐུད་འབད་འཐབ་དང་དཀའ་སྤྱད་སྡུག་རུས་བྱས་པ་བརྒྱུད། ཉེ་བའི་ལོ་གཉིས་རིང་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གྱིས་འདས་ཟིན་པའི་ཁ་ཐོར་དང་། དུས་ཐུང་། ཕྱོགས་རྐྱང་པའི་བརྟེན་ཐབས་བཅས་ཀྱི་སྣང་ཚུལ་ཐེངས་གཅིག་ཁོ་ནར་འགྱུར་ལྡོག་བཏང་བ་དང་། ཁེར་རྐྱང་གི་དམག་འཐབ་ནས་ཚོགས་པའི་དམག་འཐབ་ཏུ་བསྒྱུར་བ། “གཞན་བརྟེན”ནས“རང་བརྟེན”ཏུ་བསྒྱུར་བ་བཅས་ཀྱི་ཐོག་ནས་རོགས་སྐྱོར་ཐོབ་པའི་སྨན་ཁང་གི་རྣམ་པར་འགྱུར་ལྡོག་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་ཡར་ཐོན་མགྱོགས་མྱུར་བྱུང་ཡོད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།