སྐབས་དྲུག་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་འོས་མིའི་བྱས་རྗེས།
རྒྱལ་ཡོངས་ཀྱི་བདེན་པའི་རྒྱབ་ལངས་དཔེ་བཟང་འོས་མི།
བཀྲ་ཤིས་ལྷུན་ཆོས།
བཀྲ་ཤིས་ལྷུན་ཆོས། ཕོ། བོད་རིགས། 1986ལོའི་ཟླ་8པར་སྐྱེས། ཀྲུང་གུང་ཏང་ཡོན། བོད་རང་སྐྱོང་ལྗོངས་གཞུང་ལམ་ཅུས་ལྷ་གོང་གནམ་ཐང་མྱུར་བགྲོད་གཞུང་ལམ་དོ་དམ་ཡན་ལག་ཅུས་བདག་སྐྱོང་ལྟེ་གནས་གསང་མདའ་བདག་སྐྱོང་ས་ཚིགས་ཀྱི་ཀྲེན་ཀྲང་གཞོན་པ།
བཀྲ་ཤིས་ལྷུན་ཆོས་ནི་ལག་རྩལ་བྱང་ཆུབ་ཅིང་བློ་སྟོབས་ཆེ་བའི་མི་ཞིག་རེད། ས་ཡོམ་དང་། གངས་རྡིབ། འདམ་རྡོའི་ཆུ་རུད་སོགས་རང་བྱུང་གནོད་འཚེའི་དཀའ་ཚེགས་འཕྲད་རིམ་བཞིན་སྙིང་སྟོབས་ཆེར་བསྐྱེད་དང་དཔའ་ངར་ཞུམ་མེད་ངང་གཞན་གྱི་མདུན་དུ་བསྐྱོད་ནས་ཉེན་སྐྱོབ་ཀྱི་ལས་འགན་ལེགས་པར་བསྒྲུབས་ཏེ། བགྲོད་ལམ་ཤར་གཏོང་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་བྱེད་པར་བརྟེན་ནས་ཚང་མས“མཁའ་ལམ་གྱི་སྲུང་མ”ཞེས་འབོད་ཀྱི་ཡོད།
2015ལོའི་ཟླ་4ཚེས་25ཉིན་ནེ་པ་ལའི་པོ་ཁེ་ལར་ས་ཡོམ་རིམ་པ་8.1བརྒྱབ་ཅིང་། ཡོམ་ལྟེ་དང་བར་ཐག་སྤྱི་ལེ་བརྒྱ་ལྷག་ཙམ་ལས་མེད་པའི་རང་རྒྱལ་གྱི་གཉའ་ནང་རྫོང་དུ་ཁང་པ་ཞིག་པ་དང་། རི་ཉིལ་བ། འགྲིམ་འགྲུལ་འགག་པ་བཅས་ཀྱི་གནས་ཚུལ་ཐོན། མཐའ་མཚམས་སུ་སྐྱོད་སའི་རྒྱལ་ལམ་318ལའང་གཏོར་སྐྱོན་ཚབས་ཆེན་ཕོག་པ་དང་ཀྲུང་ནེའི་མཐའ་མཚམས་སུ་གནས་པའི་འགྲམ་གྲོང་རྡལ་ཕྱི་ཕྱོགས་དང་འབྲེལ་བ་ཆད་པའི་ཁེར་ཆགས་གླིང་ཕྲན་ལྟ་བུ་ཞིག་ཏུ་གྱུར། བཀྲ་ཤིས་ལྷུན་ཆོས་ཀྱིས་ཉེན་ཁའི་དུས་སུ་བཀའ་བཀོད་དང་ལེན་གྱིས་བགྲོད་ལམ་འཕྲལ་སྡོམ་ཡན་ལག་རུ་ཁག་ཆུང་ངུ་ཞིག་གི་སྣེ་ཁྲིད་དེ་ཡོམ་འགོག་གེགས་སེལ་གྱི་འཐབ་ས་མདུན་མར་བསྐྱོད་ནས་ཉིན་མཚན་འགའ་ཞིག་དེ་གར་འབད་འཐབ་བྱས། ཚང་མས་ནུས་ཤུགས་ཡོད་རྒུས་ཉེན་སྐྱོབ་བྱེད་པའི་དུས་སུ་ཡོམ་འཕྲོ་རིམ་པ་7.2བརྒྱབ་ནས་རྒྱལ་ལམ་318ལམ་རྒྱུད་ཀྱི་ཀྱོག་མཚམས་ཞིག་གི་རི་ཉིལ་བའི་གནས་ཚུལ་ཚབས་ཆེན་ཐོན་ནས་རྡོ་རྒྱུན་མི་ཆད་པར་ཟགས་འོང་། སྐབས་དེར་འགྲམ་གྲོང་རྡལ་ཕྱི་ཕྱོགས་དང་འབྲེལ་བ་ཆད་ནས་ཆུ་ཚོད་30སོང་། དེ་གར་ལུས་པའི་ཡུལ་མི་སྟོང་ཕྲག་ཁ་ཤས་སྐྱོབ་ཆེད། བཀྲ་ཤིས་ལྷུན་ཆོས་ཀྱིས་ལམ་གཞི་རྡིབ་པ་དང་། ཟགས་པའི་རྡོ་ཕོག་པ། རི་ཉིལ་འོག་ཏུ་ཚུད་པ་བཅས་ཀྱི་ཉེན་ཁར་མ་བལྟོས་པར་ཨང་དང་པོར་རྐོ་འདྲུ་འཕྲུལ་འཁོར་བཏང་སྟེ་སེམས་རྣལ་དུ་ཕབ་ནས་ཉིལ་བའི་ས་རྡོའི་སྟེང་བཀོལ་སྤྱོད་ལས་སྟེགས་ཤིག་མྱུར་མོར་བཙུགས། ཁོང་གི་སྣེ་ཁྲིད་འོག་འཕྲུལ་འཁོར་གཏོང་མཁན་གཞན་དག་རྣམས་ཀྱང་དེར་ཞུགས་ཏེ་ཉེན་སྐྱོབ་བྱེད་འགོ་ཚུགས། ཕྱི་ཕྱོགས་དང་ཆུ་ཚོད་36འབྲེལ་ཐག་ཆད་རྗེས་འགྲམ་དུ་སྐྱོད་པར“སྲོག་རྩ”ལྟ་བུར་གྱུར་པའི་བགྲོད་ལམ་ཞིག་གཞི་ནས་ཤར་གཏོང་ཐུབ་ཙམ་བྱུང་།
2013ལོར་འགྲིམ་འགྲུལ་པུའུ་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་རྒྱལ་ཡོངས་ཀྱི་གཞུང་ལམ་ཤར་གཏོང་མ་ཐུབ་པའི་རྫོང་མཐའ་མ་མེ་ཏོག་རྫོང་དུ་གཞུང་ལམ་ཤར་གཏོང་བྱ་རྒྱུའི་གཏན་འཁེལ་བྱས། འཛུགས་སྐྲུན་པ་ཞིག་ཡིན་པའི་བཀྲ་ཤིས་ལྷུན་ཆོས་ཀྱིས་དམག་འཐབ་ལ་ཞུགས་ཤིང་། ཁོང་གིས་ཉེན་སྐྱོབ་ཐེངས་མང་ཁྲོད་བསགས་པའི་ཉམས་མྱོང་དང་། ཉེན་ཁར་མི་སྐྲག་པའི་སྙིང་སྟོབས། ནང་བྱན་ཆུད་པའི་ལག་རྩལ་བཅས་ཀྱིས་ནུས་པ་གལ་ཆེན་ཐོན་ཡོད། སྤོ་བོ་རྫོང་ནས་མེ་ཏོག་ལམ་བར་གྱི་གཞོགས་གཅིག་ནི་གཡང་གཟར་དང་དེའི་འོག་ནི་ཡར་ཀླུང་གཙང་པོ་ཡིན་ཞིང་གཞོགས་གཞན་ཞིག་གི་རི་སྟེང་ནི་གངས་ཕུང་ཡིན་པས་རྡིབ་ཉེན་ཆེ། གངས་རྡིབ་ཆེན་པོ་ཞིག་གི་རྐྱེན་གྱིས་བསྐྲུན་ཟིན་མ་ཐག་པའི་གཞུང་ལམ་ཚང་མ་གཏོར་བརླག་བཏང་། ཨར་ལས་ཀྱི་དུས་ཚོད་ཡག་ཤོས་རིང་གངས་རྡིབ་ཤོར་ཁུལ་གྱི་ལམ་དུམ་ཤར་གཏོང་ཐུབ་ཆེད། བཀོད་འདོམས་པུས་རྒོལ་རྡུང་རུ་ཁག་འཛུགས་རྒྱུ་གཏན་འཁེལ་བྱས་པར་བཀྲ་ཤིས་ལྷུན་ཆོས་ཀྱིས་ཨང་དང་པོར་དེར་ཞུགས་རྒྱུའི་མིང་ཐོ་བཀོད། ཁོང་གིས་རང་ཉིད་ཀྱི་ལས་རོགས་རྣམས་སྔོན་ལ་བདེ་འཇགས་ཁུལ་དུ་ཕྱིར་འཐེན་བྱེད་དུ་བཅུག་པ་དང་དེ་ནས་རང་ཉིད་ཀྱིས་རྐོ་འདྲུ་འཕྲུལ་འཁོར་བཏང་སྡེ་གཡང་གཟར་གྱི་འགྲམ་དུ་ལས་ཀ་བྱས། བགྲོད་ལམ་གཤོང་ཚར་ལ་ཁད་དུ་གློ་བུར་དུ་གངས་རྡིབ་ཤོར་ཞིང་། ཁོང་གིས་གངས་རྡིབ་ཤོར་བ་ཤེས་སྐབས་ཕྱིར་འཐེན་བྱེད་ས་མེད་པ་གཞི་ནས་ཤེས། སྟབས་ལེགས་པ་ཞིག་ལ་གངས་རྡོག་དང་། འདམ་པ། རྡོ་ཧྲུག་བཅས་འདྲེས་པའི་ཤ་འོད་ཆེན་པོ་བཀྲ་ཤིས་ལྷུན་ཆོས་ཀྱི་འགྲམ་ནས་རྒྱུགས་པས་ན་ཁོང་གཤིན་རྗེའི་ཁ་ནས་ཐར་ཙམ་བྱུང་། ཚང་མས་སྙིང་རྗེ་མེད་པའི་གངས་རྡིབ་ཀྱིས་ཀྱང་བོད་ཀྱི་གཞུང་ལམ་གྱི་དཔའ་བོ་དེར་གནོད་པ་བྱེད་འདོད་མེད་ཅེས་ཤོད་ཀྱི་ཡོད། བཀྲ་ཤིས་ལྷུན་ཆོས་ལ་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གྱི་གཟེངས་རྟགས་ཐོབ།
རིག་འཛིན།
རིག་འཛིན། ཕོ། བོད་རིགས། 1979ལོའི་ཟླ་9པར་སྐྱེས། ཀྲུང་གུང་ཏང་ཡོན། སྐུ་འཚོ་བཞུགས་སྐབས་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་ཆང་ཁྱིམ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་གནང་།
ཉེན་ཁའི་སྐབས་སུ་ཆུར་ལྷུངས་བའི་གྲོང་མི་སྐྱོབ་ཆེད་རིག་འཛིན་གཟི་བརྗིད་ལྡན་པའི་ངང་སྐུ་གཤེགས་པ་དང་། མི་གཞན་སྐྱོབ་ཆེད་རང་སྲོག་བློས་གཏོང་གི་དཔའ་བོའི་མཛད་རྗེས་ལས་གུང་ཁྲན་ཏང་ཡོན་ཞིག་གིས་བདེན་དོན་ཆེད་དུ་རང་སྲོག་དོར་བའི་སྙིང་རྗེ་ཆེན་པོའི་སྙིང་སྟོབས་མངོན་པ་དང་། རྒྱུན་གཏན་ཁོང་གིས་གྲོང་མིར་དཀའ་ངལ་ཐག་གཅོད་དང་སེམས་ཁྲལ་སེལ་རོགས་བྱེད་པ་དང་། ཚང་མའི་སྣེ་ཁྲིད་དེ་ཆུའི་མངོན་མེད་རྐྱེན་ངན་བཅོས་སྒྲིག་དང་དབུལ་སྒྲོལ་འབབ་འཕར་ཡོང་ཐབས་བྱས་ནས་གཞི་རིམ་ལས་བྱེད་པས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་དམངས་ལ་བརྩེ་བ་བཅངས་ལུགས་མངོན་པར་བྱས་པས“རྐང་འཛིན་པ”དང“རྒྱ་མིག”གི་མཚན་སྙན་ཐོབ་ཡོད།
2015ལོའི་ཟླ་12ཚེས་18ཉིན་གྲོང་མི་ཆོས་སྐྱིད་ཀྱི་གཉེན་སྒྲིག་ལ་ཕ་མས་ངོ་རྒོལ་བྱས་པ་དང་དགའ་རོགས་དང་འགལ་ཟླ་ཐེངས་མང་བྱུང་ནས་རང་སྲོག་འདོར་རྒྱུའི་བསམ་བློ་འཁོར། གཙང་པོར་མ་མཆོངས་གོང་ཆོས་སྐྱིད་ཀྱིས་གཉེན་ཉེར་ཁ་པར་བརྒྱབ་ནས་དགོངས་དག་ཞུ་ལུགས་མཚོན་པའི་སྐད་ཆ་སྟབས་བདེ་འགའ་བཤད་རྗེས་ཁ་པར་ཁ་བརྒྱབ། ཆོས་སྐྱིད་ཀྱི་ཕ་དངངས་འཚབ་ཆེན་པོ་ལངས་ནས་ཅི་བྱ་གཏོལ་མེད་དུ་གྱུར་པའི་སྐབས་སུ་རིག་འཛིན་བཙལ་ནས་ཁོང་ལ་བུ་མོ་འཚོལ་རོགས་ཞུས། གནས་ཚུལ་ཤེས་རྗེས་རིག་འཛིན་གྱིས་ཆོས་སྐྱིད་ལ་ཁ་པར་བརྒྱབ་ནས་སེམས་གསོ་བཏང་བ་དང་། ལམ་སེང་རླངས་འཁོར་བཏང་སྟེ་ཡར་ཀླུང་གཙང་པོའི་འགྲམ་དུ་བསྐྱོད། གཙང་འགྲམ་དུ་སླེབས་པ་དང་རྩེད་ཐང་ཟམ་ཆེན་འོག་ཏུ་ལངས་ནས་བསྡད་པའི་ཆོས་སྐྱིད་མཐོང་སྐབས་རིག་འཛིན་གྱིས་བྲེལ་འཚུབ་ངང་སྐད་བཏང་སྟེ་ཁོ་མོའི་སེམས་པ་གནོན་ཐབས་བྱས། འོན་ཀྱང་ཆོས་སྐྱིད་ཀྱིས་གང་ཞིག་ཚོར་ཐུབ་བམ། རིག་འཛིན་འཁྲིས་སུ་མ་སླེབས་གོང་ནས་ཆོས་སྐྱིད་ཀྱིས་ཁ་ཆེམས་ཡི་གེ་དང་ལག་ཐོགས་ཁ་པར་གཡུགས་ནས་གཙང་པོར་མཆོངས། རིག་འཛིན་གྱིས་བསམ་བློ་གང་ཡང་མ་བཏང་བར་གཙང་པོར་མཆོངས་ཏེ་ཁོ་མོ་སྐྱོབ་ཐབས་བྱས། ཆོས་སྐྱིད་ཀྱི་ལག་ནས་བཟུང་ཐུབ་རྗེས་ཁོང་གཉིས་པོ་སྟབས་མི་ལེགས་པར་ཆུ་འཁོར་དུ་ལྷུངས། ཚེ་སྲོག་གི་མཐའ་མའི་སྐབས་སུ་རིག་འཛིན་གྱིས་ནུས་ཤུགས་ཡོད་རྒུས་ཆོས་སྐྱིད་ཆུ་ངོགས་སུ་འབུད། མཇུག་ཏུ་སླེབས་པའི་ཆོས་སྐྱིད་ཀྱི་གཅུང་པོས་ཐག་པས་ཆོས་སྐྱིད་བསྐྱབས། འོན་ཀྱང་རིག་འཛིན་གར་སོང་ཆ་མེད་དུ་གྱུར། རིག་འཛིན་གྱིས་མི་བསྐྱབས་ནས་རང་ཉིད་གར་སོང་ཆ་མེད་དུ་གྱུར་རྗེས་ཆང་ཁྱིམ་གྲོང་ཚོའི་གྲོང་མི་80ལྷག་ཙམ་གྱིས་རང་མོས་ངང་གཙང་འགྲམ་དུ་བཙལ། ཆང་ཁྱིམ་གྲོང་ཚོ་ཡོངས་སེམས་སྡུག་གིས་མནར་བ་དང་གྲོང་ཚོའི་ཁྱིམ་ཚང་ཚང་མས་མཆོད་མེ་སྤར་བ་དང་བསང་བཏང་ནས་ཁོང་ལ་སྨོན་ལམ་བཏབ།
གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་རིག་འཛིན་གྱིས་བློ་གཅིག་སེམས་གཅིག་ངང་མི་དམངས་ལ་ཞབས་འདེགས་ཞུས་ཤིང་། “དོན་དག་ཡོད་ཚེ་རིག་འཛིན་འཚོལ་བ”གྲོང་མི་ཚོའི“ངག་རྒྱུན”དུ་གྱུར། ཆང་ཁྱིམ་ཚོགས་ཆུང་གསུམ་པ་ས་བབ་སྨི་3800ཙམ་དུ་གནས་པ་དེ་ནི་རང་བྱུང་གནོད་འཚེ་ཐོན་མང་བའི་ཁུལ་ཞིག་རེད། དབྱར་ཁ་ཤར་རིམ་བཞིན་རིག་འཛིན་གྱིས་འབྲུབ་འགོག་རུ་ཁག་སྒྲིག་འཛུགས་བྱས་ནས་མཚན་མོར་སྐོར་གཡེང་བྱེད་པ་དང་དྲག་ཆར་བབས་པ་འཕྲད་སྐབས་ཚེ་སྲོག་གི་ཉེན་ཁར་མ་བལྟོས་པར་འབྲུབ་འགོག་གེགས་སེལ་བྱེད་ཀྱི་ཡོད། རིག་འཛིན་གྱིས་མང་ཚོགས་ཀྱི་འཐུས་མིའི་ཚོགས་འདུ་ཐེངས་མང་འཚོགས་ནས་ཇུས་གཞི་ཞིབ་འཇུག་དང་ཐག་གཅོད་བྱས་ཏེ་འབྲེལ་ཡོད་ཕྱོགས་ལ་མ་དངུལ་སྒོར་ཁྲི་140ལྷག་ཙམ་བརྩོན་ལེན་བྱས་ནས་རིང་ཚད་སྨི་3000ལྷག་ཙམ་ཡོད་པའི་ཆུ་ཡུར་3དང་འབྲུབ་འགོག་ཆུ་རགས་1བཟོ་བཅོས་བྱས་ཡོད། མང་ཚོགས་ཚང་མས“འབྲུབ་འགོག་ཆུ་རགས་ཡོད་པས་ཚང་མ་ཉལ་བཟོད་བདེ་པོ་འདུག”ཅེས་བཤད། རིག་འཛིན་གྱིས་ད་དུང་གྲོང་མིའི་སྣེ་ཁྲིད་དེ་ཐོན་ལས་འཕེལ་རྒྱས་བཏང་སྟེ་ནུས་ཤུགས་ཡོད་རྒུས་དབུལ་པོའི་རྣམ་པར་འགྱུར་ལྡོག་བཏང་། ཁོང་གིས་ལུག་200ལྷག་ཙམ་ཉོས་ནས་གཅིག་སྡུད་འཚོ་བ་དང་། གྲོང་མི་སྒྲིག་འཛུགས་བྱས་ནས་མུའུ་50ཡོད་པའི་ས་སྟོང་དུ་རྩྭ་མུག་ཤོད་བཏབ་པ་རེད། ད་ཆ་ཚོགས་ཆུང་ཡོངས་ཀྱི་ལུག་གི་མགོ་གྲངས་དེ་སྔའི་200ནས་826བར་མང་དུ་ཕྱིན་ནས་མཉམ་སྡེབ་ཡོང་འབབ་ཀྱང་2008ལོའི་སྒོར་400ལྷག་ཙམ་ནས་ད་ཆའི་སྒོར་ཁྲི་14ལྷག་ཙམ་བར་མང་དུ་ཕྱིན་ཡོད།རིག་འཛིན་ལ་བོད་རང་སྐྱོང་ལྗོངས་ཀྱི་ཀུན་སྤྱོད་དཔེ་བཟང་བའི་མཚན་སྙན་ཐོབ།
བསྟན་འཛིན་ལེགས་ལྡན།
བསྟན་འཛིན་ལེགས་ལྡན། ཕོ། བོད་རིགས། 1991ལོའི་ཟླ་དང་པོར་སྐྱེས། གུང་གཞོན་ཚོགས་མི་ཡིན་པ། བོད་ལྗོངས་ལྷོ་ཁ་ཡར་འབྲོག་གཡུ་མཚོ་འཛུགས་སྐྲུན་ལས་གྲྭ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཡིན་པ།
བསྟན་འཛིན་ལེགས་ལྡན་ནི་མི་བབ་ཆགས་པོ་ཞིག་ཡིན་པ་དང་། ཁོང་གིས་མི་དྲང་པོ་དྲང་གཞག་ཅིག་བྱེད་པ་དང་། ལས་ཀ་ནན་ཏན་བྱེད་པ། ཁ་དན་ཚིག་གནས་ངང་གཉེར་སྐྱོང་བྱེད་པ། འགན་འཁྲི་ཡག་པོ་འཁུར་བ་བཅས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ནས་ལས་མིའི་སྣེ་ཁྲིད་དེ་ཁེ་ལས་ཐོན་སྐྱེད་འཕེལ་རྒྱས་གཏོང་བ་དང་། ཏང་ཨུད་སྲིད་གཞུང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས་དབུལ་སྒྲོལ་འགག་སྒྲོལ་ལ་ཞུགས་ཏེ་ཞིང་འབྲོག་པ་དབུལ་པོ་དང་དཀའ་ངལ་ཡོད་པའི་ཏང་ཡོན་གྱི་འབབ་འཕར་ཕྱུག་འགྱུར་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།
2011ལོར་བསྟན་འཛིན་ལེགས་ལྡན་གྱིས་བོད་ལྗོངས་ལྷོ་ཁ་ཡར་འབྲོག་གཡུ་མཚོ་འཛུགས་སྐྲུན་ལས་གྲྭ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལིའི་འགན་ཁུར་བ་ནས་བཟུང་། “དྲང་གཞག་ལ་བརྟེན་ནས་ཡིད་ཆེས་ཐོབ་ཐབས་དང་། ཡིད་ཆེས་ལ་བརྟེན་ནས་རྒྱལ་ཁ་ལེན་ཐབས”ཀྱི་ལས་ཀའི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་ཁ་དན་ཚིག་གནས་བྱ་གཞག་འཕེལ་རྒྱས་གཏོང་བའི་གཞི་རྩའི་རྩ་དོན་ཞིག་ཏུ་རྩི་ཡི་ཡོད། ཀུང་སིས་ལས་གྲྭ་སྒྲུབ་འགན་གཙང་ལེན་གན་རྒྱ་དང་ལས་གྲྭའི་མཉམ་ལས་གྲོས་མཐུན་གྲངས་ལས་འདས་པ་བཞག་ནས་དུས་དང་རྣམ་པ་ཀུན་ཏུ“གན་རྒྱ་སྲུང་བ་དང་། ཡིད་རྟོན་ལ་མཐོང་ཆེན”བྱས་པས་སྒྲིག་ཁྲིམས་དང་གན་རྒྱ་ལས་འགལ་བ་དང་གན་རྒྱའི་རྩོད་གླེང་གི་གནས་ཚུལ་གཅིག་ཀྱང་ལྷག་མྱོང་མེད། ལས་བཟོར་འཛིན་པའི་ལྟ་སྟངས་ནི་ཀུང་སིའི་ལས་བཟོ་ངོ་མ་དང་གནས་སྐབས་གླ་པ་སོགས་གང་ཡིན་ཡང་ཚང་མར་ཁྲོམ་རའི་གནས་ཚུལ་ལྟར་གན་རྒྱ་འཇོག་པ་ཚད་གཞིར་འཛིན་གྱི་ཡོད་དེ། “རྨོ་འདེབས་ཇི་ཙམ་བྱས་ན་ཡོང་འབབ་དེ་ཙམ་ཐོབ”ཅེས་པ་ལྟར་གླ་ཆ་དུས་ཐོག་ཏུ་ཆད་ལུས་མེད་པར་སྤྲོད་པ་དང་ཕན་བདེའི་བྱ་དགའི་དངུལ་ཡང་སྤྲོད་ཀྱི་ཡོད་པས་གླ་ཆ་སོགས་འགྱངས་ཆད་གཅིག་ཀྱང་བྱེད་མྱོང་མེད་ལ། ལས་མིའི་གླ་ཆ་ཆད་དེ་ཞུ་གཏུག་རྒྱག་པ་དང་ཁྲིམས་སྦྱོར་བྱེད་པ་སོགས་ཀྱི་གནས་ཚུལ་གཅིག་ཀྱང་ཐོན་མྱོང་མེད་པས་ལས་བཟོའི་བསྟོད་སྔགས་དང་ཡིད་ཆེས་ཐོབ་ཡོད། ཞིང་པ་ལས་མིའི་སེམས་ལ་གླ་ཕོགས་ཉུང་ཡང་ཚང་མ་ཀུང་སི་དེར་ལས་ཀ་བྱེད་འདོད་ཡོད། ཀུང་སི་ཡང་དེའི་དབང་གིས“རྒྱལ་ཡོངས་ཀྱི་ཡིད་རྟོན་ཁྲིམས་སྲུང་གི་ཤང་གྲོང་ཁེ་ལས”དང་། “གན་རྒྱར་བརྩི་མཁན་དང་ཁ་དན་ཚིག་གནས་ལ་མཐོང་ཆེན་བྱེད་མཁན་ཁེ་ལས”“རྒྱལ་ཡོངས་ཤང་གྲོང་ཁེ་ལས་སྤུས་ཚད་ལས་དོན་གྱི་སྔོན་ཐོན་ཚན་པ”བཅས་སུ་བདམས་ཡོད།
བསྟན་འཛིན་ལེགས་ལྡན་གྱིས་ཁེ་ལས་འཕེལ་རྒྱས་དམངས་ནས་བྱུང་བ་དང་དམངས་ལ་སྤྱོད་པས་ངེས་པར་དུ་སྤྱི་ཚོགས་ཀྱི་འགན་འཁྲི་དང་དུ་ལེན་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། ཁོང་གིས་ཀུང་སིའི་སྣེ་ཁྲིད་དེ་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས་སྣ་དཀར་རྩེ་རྫོང་གི་རྒྱ་ཁྱོན་ཆེ་ཤོས་དང་། མི་འབོར་མང་ཤོས། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ཞན་ཤོས། དབུལ་པོ་མང་ཤོས། དབུལ་སྒྲོལ་གྱི་ལས་འགན་ལྕི་ཤོས་བཅས་ཀྱི་ལྷུན་པོ་ཞོལ་ཤང་དང་ཆ་འགྲིག་རོགས་སྐྱོར་གྱི་འབྲེལ་བ་བཙུགས་པ་རེད། ཁོང་གིས་ཤང་དེར་བསྐྱོད་དེ་གནད་སྨིན་དབུལ་སྐྱོར་གྱི་ལས་དོན་ལ་བརྟག་ཞིབ་དང་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྣམ་བུ་དང་བཙུགས་ཕྲུག་འཐག་ཁང་བསྐྲུན་ཏེ་ཞིང་འབྲོག་མང་ཚོགས་དབུལ་པོ་དང་དེ་བཞིན་ཀུང་སིའི་དཀའ་ངལ་ཡོད་པའི་ལས་བཟོའི་འབབ་འཕར་ཕྱུག་འགྱུར་ལ་ནུས་པ་གལ་ཆེན་བཏོན་ཡོད། 2011ལོ་ནས་2016ལོ་བར་བོད་ལྗོངས་ལྷོ་ཁ་ཡར་འབྲོག་གཡུ་མཚོ་འཛུགས་སྐྲུན་ལས་གྲྭ་ཚད་ཡོད་ཀུང་སིས་ཞིང་འབྲོག་མང་ཚོགས་13345ཡི་ལས་ཞུགས་ཐག་གཅོད་བྱས་པ་དང་ཞིང་འབྲོག་མང་ཚོགས་ལ་དངུལ་སྨར་སྒོར་དུང་ཕྱུར་3.0367བྱུང་བའི་ནང་མང་ཚོགས་དབུལ་པོར་ཡོང་འབབ་སྒོར་དུང་ཕྱུར་2.0649བྱུང་སྟེ་སྣ་དཀར་རྩེའི་དུད་ཚང་དབུལ་པོ་986དབུལ་སྒྲོལ་ཐུབ་པའི་ནང་དུད་ཚང་10%འབྱོར་འབྲིང་གི་ཆུ་ཚད་དུ་སླེབས་ཡོད།
བསྟན་འཛིན་ལེགས་ལྡན་གྱིས་སྤྱི་ཚོགས་སྤྱི་ཕན་བྱེད་སྒོར་ཧུར་ཐག་ཞུགས་པ་དང་དངུལ་སྒོར་ཁྲི་100.25ཞལ་འདེབས་བརྒྱབ་ནས“ཡར་འབྲོག་གཡུ་མཚོའི་བུ་ཕྲུག”གི་ཐེབས་རྩའི་དངུལ་བཙུགས་ཤིང་། ཞིང་འབྲོག་མང་ཚོགས་ཀྱི་སྡོད་ཁང་དང་། སྨན་བཅོས། སློབ་ཡོན། ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་རྒྱུ་ཆ་ཉོ་སྒྲུབ་སོགས་ཀྱི་ཐད་དངུལ་དང་དངོས་པོ་ཞལ་འདེབས་བརྒྱབ་པའི་དངུལ་འབོར་སྒོར་ཁྲི་616ཟིན་གྱི་ཡོད།བསྟན་འཛིན་ལེགས་ལྡན་ལ་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་བྱ་དགའ་ཐོབ།
རྒྱལ་ཡོངས་ཀྱི་ཁ་དན་ཚིག་གནས་ དཔེ་བཟང་འོས་མི།
དབྱང་ཝུན་ཆིན།
དབྱང་ཝུན་ཆིན། ཕོ། ཏུང་རིགས། 1932ལོའི་ཟླ་9པར་སྐྱེས། ཀྲུང་གུང་ཏང་ཡོན། བཀྲ་ཤིས་སྒྲོལ་མ། མོ། བོད་རིགས། 1933ལོའི་ཟླ་10པར་སྐྱེས། ཀྲུང་གུང་ཏང་ཡོན། མི་གཉིས་ཀྱི་འབྲེལ་བ་བཟའ་ཟླ། ཁོང་གཉིས་ནི་ཧུའུ་ནན་ཞིང་ཆེན་ཤིན་ཧོང་ཏུང་རིགས་རང་སྐྱོང་རྫོང་མི་དམངས་སྨན་ཁང་གི་རྒན་ཡོལ་ཞུས་པའི་སྨན་པ་ཡིན།
“ཕ་ཡུལ་རི་ཁུག་ཏུ་སྨན་པ་དང་སྨན་དཀོན་པའི་རྣམ་པར་འགྱུར་ལྡོག་གཏོང་བའི”དམ་བཅའི་ཆེད་དུ་དབྱང་ཝན་ཆིན་བཟའ་ཚོ་གཉིས་པོས་པེ་ཅིང་དུ་སྡོད་པའི་གོ་སྐབས་བློས་བཏང་ནས་ཏུང་ཤང་དུ་གཞི་ཚུགས་ཏེ་གྲོང་གསེབ་ཀྱི་སྨན་པ་བྱས་ནས་ཤང་གྲོང་གི་གྲོང་ཚོ་ཁག་དང་ཏུང་རིགས་ཀྱི་རི་གྲོང་700ལྷག་ཙམ་དུ་བསྐྱོད་ནས་མི་མང་པོའི་ཚེ་སྲོག་བསྐྱབས་ཡོད། དུས་རབས་ཕྱེད་ཀའི་རིང་ཁོང་གཉིས་པོས་ན་གཞོན་སྐབས་ཀྱི་དམ་བཅའ་བསྒྲུབས་པ་མ་ཟད། སྤྱི་ཚོགས་ལ་སེམས་འགུལ་ཐེབས་པའི་བྱ་བ་ཡང་མང་པོ་བསྒྲུབས་ཡོད། ཁོང་གཉིས་པོ་ལོ་ན་མཐོ་ཡང་འབད་འབུངས་ལྷོད་མེད་ཀྱི་སྙིང་སྟོབས་སྔར་བཞིན་ཉམས་མེད།
1952ལོར་དབྱང་ཝུན་ཆིན་མི་རིགས་ས་ཁུལ་གྱི་ལས་བྱེད་པའི་གསོ་སྦྱོང་མི་སྣར་བདམས་ཏེ་པེ་ཅིང་ཀྲུང་དབྱང་མི་རིགས་སློབ་ཆེན་ཞོར་གཏོགས་སློབ་འབྲིང་དུ་འོས་སྐྱེལ་བྱས་པ་དང་། 1956ལོར་དབྱང་ཝན་ཆིན་པེ་ཅིང་གསོ་རིག་སློབ་གླིང་དུ་ལས་གནས་བསྒྱུར་བར་བརྟེན་གསོ་རིག་སྦྱོང་བའི་འདུན་པ་མངོན་འགྱུར་བྱུང་བ་དང་འབྲེལ། ཁོང་དང་ལོ་60ཙམ་མཉམ་དུ་འཚོ་བ་སྐྱེལ་མཁན་བཀྲ་ཤིས་སྒྲོལ་མ་འཕྲད། 1961ལོར་སློབ་གྲྭ་ཐོན་ཉེའི་མཚམས་སུ་ཁོང་གཉིས་པོས་མེས་རྒྱལ་གྱི་དགོས་མཁོ་ཆེ་ཤོས་ཀྱི་ས་ཆར་བསྐྱོད་དེ་ཕ་ཡུལ་རི་ཁུག་ཏུ་སྨན་པ་དང་སྨན་དཀོན་པའི་རྣམ་པར་འགྱུར་ལྡོག་བཏང་ནས་མེས་རྒྱལ་གྱི་འཕྲོད་བསྟེན་བྱ་གཞག་ལ་ཞབས་འདེགས་ཞུ་རྒྱུའི་དམ་བཅའ་བཞག་པ་རེད།
ལས་བགོས་བྱེད་སྐབས་བསམ་ཡུལ་ལས་འདས་པ་ཞིག་ལ་དབྱང་ཝན་ཆིན་པེ་ཅིང་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་དང་པོར(ད་ལྟའི་པེ་ཅིང་སློབ་ཆེན་སྨན་ཁང)ལས་བགོས་བརྒྱབ་པ་དང་བཀྲ་ཤིས་སྒྲོལ་མ་པེ་ཅིང་མཛའ་གྲོགས་སྨན་ཁང་དུ་ལས་བགོས་བརྒྱབ་པ་རེད།
བཀྲ་ཤིས་སྒྲོལ་མ།
དེ་སྔོན་བཞག་པའི་དམ་བཅའ་སྒྲུབ་ཆེད་1968ལོར་དབྱང་ཝུན་ཆིན་གྱིས་བཀྲ་ཤིས་སྒྲོལ་མ་ཁྲིད་ནས་ཕ་ཡུལ་ཧུའུ་ནན་ཞིང་ཆེན་ཤིན་ཧོང་ཏུང་རིགས་རང་སྐྱོང་རྫོང་དུ་ལོག་པ་རེད། དབྱང་ཝུན་ཆིན་བཟའ་ཚོ་གཉིས་པོ་ཧྥུའུ་ལུའོ་འཕྲོད་བསྟེན་ཁང་དུ་བཀོད་སྒྲིག་བྱས་པ་དང་སྐབས་དེ་དུས་འཕྲོད་བསྟེན་ཁང་དུ་སྨན་པ་ཉུང་བ་དང་ལས་ཀ་མང་བའི་རྐྱེན་གྱིས་ཁོ་ཚོས་སྨན་པ་བྱེད་དགོས་པ་མ་ཟད་སྨན་གཡོག་དང་ཕྱགས་མཁན་བཅས་ཀྱང་བྱེད་དགོས་པས། ནད་ལྟ་བ་དང་། སྨན་སྐོལ་བ། གཤགས་བཅོས་བྱེད་པ། སྨན་བཅོས་ཡོ་བྱད་འཁྲུ་བ་སོགས་ཀྱི་ལས་ཀ་ཚང་མ་བྱེད་དགོས་ཀྱི་ཡོད། གྲོང་ཚོར་ཡོད་པའི་ཆུ་གློག་གློག་ཁང་ཆུང་ཆུང་དེས་མཚན་མོ་མ་གཏོགས་གློག་གཏོང་ཐུབ་ཀྱི་མེད་པས་བཟའ་ཚོ་གཉིས་པོས་རྟག་ཏུ་ཉིན་མོ་ནད་ལྟ་བ་དང་མཚན་མོ་གཤགས་བཅོས་བྱེད་ཀྱི་ཡོད། བཀྲ་ཤིས་སྒྲོལ་མས་ཏུང་རིགས་ཀྱི་སྐད་མི་ཤེས་པར་བརྟེན་དབྱང་ཝུན་ཆིན་གྱིས་སྐད་སྒྱུར་བྱེད་རོགས་བྱེད་ཀྱི་ཡོད། དབྱང་ཝུན་ཆིན་གྱིས་གཤགས་བཅོས་བྱེད་སྐབས་བཀྲ་ཤིས་སྒྲོལ་མས་ལག་གཡོག་བྱེད་ཀྱི་ཡོད། བཀྲ་ཤིས་སྒྲོལ་མས་གཤགས་བཅོས་བྱེད་སྐབས་དབྱང་ཝུན་ཆིན་གྱིས་སྦྲིད་སྨན་རྒྱག་པའི་འགན་ཁུར་གྱི་ཡོད། སྐབས་འགར་གཤགས་བཅོས་ཆེན་པོ་བྱེད་དགོས་སྐབས་བཟའ་ཚོ་གཉིས་པོས་མཉམ་དུ་གཤགས་བཅོས་བྱེད་ཀྱི་ཡོད།
1973ལོར་བཟའ་ཚོ་གཉིས་པོ་རྫོང་མི་དམངས་སྨན་ཁང་དུ་ལས་སྒྱུར་བྱས་ཀྱང་སྔར་བཞིན་བྲེལ་བ་ཚ་པོ་ཡོད། 1983ལོར་དབྱང་ཝུན་ཆིན་རྫོང་མི་དམངས་སྨན་ཁང་གི་ཡོན་ཀྲང་དུ་བསྐོས་པ་དང་། ཁོང་གིས་བློ་ཁོག་ཆེན་པོས་སྨན་ཁང་སྒྱུར་བཅོས་བྱས་པས་སྨན་ཁང་གི་མཚན་སྙན་གང་སར་ཁྱབ་པ་དང་ཉེ་འཁོར་གྱི་རྫོང་དང་གྲོང་ཁྱེར་བཅུ་ལྷག་ཙམ་གྱི་མི་སེར་ཡང་དེ་གར་ནད་ལྟ་བར་ཡོང་གི་ཡོད། 1996ལོར་དབྱང་ཝུན་ཆིན་དང་བཀྲ་ཤིས་སྒྲོལ་མ་གཉིས་རྒན་ཡོལ་ཞུས་པ་རེད། སྒེར་གྱི་སྨན་ཁང་མང་པོ་ཞིག་གིས་གླ་ཆ་མཐོ་པོ་སྤྲད་ནས་གདན་ཞུ་བྱས་ཀྱང་ཁོང་གིས་ཁས་རྩ་བ་ནས་བླངས་མེད། ད་ཆ་དབྱང་ཝུན་ཆིན་དང་བཀྲ་ཤིས་སྒྲོལ་མ་བཟའ་ཚོ་གཉིས་ལོ་80ལྷག་ཙམ་དུ་སླེབས་ཀྱང་ཤིན་ཧོང་ཏུང་རིགས་རང་སྐྱོང་རྫོང་མི་དམངས་སྨན་ཁང་གི་སྒོ་བརྟེན་སྨན་ཁང་དུ་སྔར་བཞིན་ལས་ཀ་བྱེད་ཀྱི་ཡོད།
དབྱང་ཝུན་ཆིན་དང་བཀྲ་ཤིས་སྒྲོལ་མར་རྒྱལ་ཡོངས་ཀྱི“སྨན་པ་མཛེས་ཤོས”དང་ཧུའུ་ནན་ལ་སེམས་འགུལ་ཐེབས་པའི་མི་སྣ་ཆེ་གྲས་10ཡི་མཚན་སྙན་ཐོབ་པ་དང་། “ཀྲུང་གོའི་མི་བཟང”བྱ་དགའ་རིམ་པའི་ནང་ཚུད་པ་མ་ཟད་ཁོ་ཚོའི་ཁྱིམ་ཚང་ཡང་རྒྱལ་ཡོངས་ཤེས་དཔལ་ཁྱིམ་ཚང་དུ་བདམས་ཡོད།
འགན་འཁུར་རྩོམ་སྒྲིག་པ། 索朗多拉
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣