སྦྲུམ་མས་ཕྲུ་གུ་སྐྱེས་རྗེས་གཟུགས་སྟོབས་ཉམས་པ་ནི་ལྡོག་མེད་གནས་ལུགས་ཤིག་རེད། དེས་ན་ལུགས་མཐུན་གྱི་བང་གསོའི་བྱེད་ཐབས་སྤེལ་དགོས་པ་གལ་ཆེ།
གྱོན་ཆས་ཐད། གྱོན་ཆས་དམ་པོ་དང་མང་པོ་མི་གྱོན་པར་སྤྱིར་བཏང་གི་མི་དང་འདྲ་པོ་བྱས་ན་འགྲིག དབྱར་དུས་སྦྲུམ་མར་རྔུལ་ནག་དོན་མང་བས་ཆེ་ལ་རླུང་འགྲོ་ཐུབ་པའི་སྲིང་བལ་སྟོད་ཐུང་གྱོན་དགོས། རྔུལ་ནག་གིས་འཚོས་རྗེས། ལམ་སེང་བརྗེ་བ་དང་གཟུགས་པོ་འཁྲུ་དགོས། གཟུགས་པོ་འཁྲུ་སྐབས་གྲང་རླུང་ལུས་ལ་ཐད་ཀར་མི་ཕོག་པ་བྱེད་དགོས། གལ་སྲིད་གྱོན་ཆས་མཐུག་དྲགས་པ་དང་། དམ་དྲགས་པ། ཕུ་ཐུང་རིང་པོ་གྱོན་པ། སྦྲུམ་མའི་གཟུགས་པོ་ཡུན་རིང་ཚ་དྲོད་ཆེན་པོར་བསྡད་པ་བཅས་བྱས་ཚེ། ལྟེ་བའི་དབང་རྩས་ལུས་དྲོད་ཚོད་འཛིན་ལ་འགོག་རྐྱེན་བཟོ་བས་ཚ་ནད་འབྱུང་སླ་བའོ།
བཟའ་བཏུང་། སྦྲུམ་མའི་བཟའ་བཏུང་ནི་མ་བུའི་བདེ་ཐང་དང་འབྲེལ་བ་ཡོད་པས། ངེས་པར་དུ་དོ་སྣང་བྱེད་དགོས། ལྷག་པར་དུ་ཕྲུ་གུ་སྐྱེས་མ་ཐག་ཁྲག་ཤོར་བ་དང་། དཀའ་ལས་ཁག་དྲགས་པ་སོགས་ཀྱིས་རྐྱེན་པས་ཟས་ཀྱི་དང་ག་ཉམས་སྲིད་པས། དེའི་སྐབས་འཇུ་སླ་བའི་བཟའ་བཏུང་གཙོ་བོར་བསྟེན་དགོས་ཤིང་། སྤྲི་དཀར་དང་ཞག་ཚིའི་རིགས་ཕུན་སུམ་ཚོགས་པོ་ཡོད་པའི་ཟས་རིགས་རིམ་པས་མང་དུ་གཏོང་དགོས། དེ་དང་ཆབས་ཅིག་བཅུད་ཡོད་པའི་ཐང་བཏུངས་ནས་ཟས་ཀྱི་དང་ག་འཕེལ་བ་བྱེད་དགོས་ལ། ཚལ་རིགས་དང་ཤིང་ཏོག་རིགས་མང་ཙམ་བཟའ་དགོས་ལ། ཟས་ཉུང་ལ་ཐེངས་མ་མང་ཙམ་བཟའ་དགོས།
སྡོད་གནས་ཐད། ཕྲུ་གུ་སྐྱེས་རྗེས་སྡོད་སའི་ཁང་པ་གུ་ཡངས་ལ་དཀར་ཆ་དོད་པོ་དགོས་པ་ལས། གུ་དོག་ཅིང་དཀར་ཆ་དོད་པོ་མེད་པ་དང་། སྒོ་དམ་པོར་རྒྱག་པ་སོགས་བྱ་རྒྱུ་མེད། ད་དུང་ཤེལ་སྒོ་འབྱེད་རྒྱུ་རྒྱུན་འཁྱོངས་དང་ཁང་པའི་ནང་མཁའ་རླུང་རྒྱུ་བ་དང་ཁང་པའི་དྲོད་ཚད་འཚམ་པོ་རྒྱུན་འཁྱོངས་བྱུང་ཚེ། དུག་སྲིན་སྐྱེ་འཕེལ་དང་གཉན་ཁ་རྒྱས་ཚད་ཉུང་དུ་འགྲོ་ཐུབ། སྦྲུམ་མ་དྲོད་ཚད་མཐོ་ཞིང་གུ་དོག་པའི་ཁོར་ཡུག་ཏུ་རྔུལ་ནག་དོན་དུ་འཇུག་རྒྱུ་མེད། དེ་ལས་ལྡོག་ཚེ་བང་ཚད་སྐྱེས་ནས་སྲོག་ལའང་ཉེན་ཁ་ཡོད་དོ།
(ལྗོངས་མི་འབོར་དང་ལེགས་བཙའ་ལེགས་གསོའི་དྲིལ་བསྒྲགས་སློབ་གསོའི་ལྟེ་གནས་དང་མཉམ་གཉེར་བྱས)