2016ལོའི་ཟླ་6པར། ཁོང་ཚོས་བོད་སྐྱོར་གྱི་ལམ་བུ་གསར་པའི་ཐོག་དུས་ཡུན་ལོ་གསུམ་རིང་གི་བོད་སྐྱོར་ལས་དོན་སྤེལ་འགོ་བཙུཌ།
ལོ་གཅིག་རིང་། ཁོང་ཚོས་འགན་འཁྲི་ཕྲག་ཐོག་ཏུ་འཁུར་བ་དང་སེམས་ནང་འོས་འགན་བཅངས་ཏེ་དཀའ་སྤྱད་འབད་འཐབ་དང་གསར་འབྱེད་ཡར་བརྩོན་གྱིས“བརྟན་ལྷིང་སྲུང་སྐྱོང་དང་། འཕེལ་རྒྱས་སྐུལ་གཏོང་། མཐུན་སྒྲིལ་སྲ་བརྟན”བཅས་ཀྱི་བླང་བྱ་གཞིར་བཟུང་། “མིག་མངས་འགྲིག་སྐོར་གཅིག”གི་བསམ་བློ་འཛུགས་པ་དང་ལྷག་བསམ་དང་། དྭངས་གཙང་། འགན་འཁྲི་ཁུར་ཕོད་པ་བཅས་མཐའ་འཁྱོངས་བྱས་ཏེ་བོད་སྐྱོར་ལས་དོན་གྱི་རྣམ་པ་གསར་པ་གཏོད་ནས་གངས་ལྗོངས་ས་མཐོར་ཅི་ལིན་བོད་སྐྱོར་བའི་གཟུགས་བརྙན་བཟང་པོ་བཏོད་པ་རེད།
བརྟག་ཞིབ་གཏིང་ཟབ་བྱས་ནས་ལས་ཀའི་བསམ་ཕྱོགས་གསལ་བཟོ་བྱས་པ།
བོད་དུ་ཐོག་མར་སྐྱོད་སྐབས་ཅི་ལིན་ཞིང་ཆེན་གྱི་ཁག་དྲུག་པའི་བོད་སྐྱོར་ལས་བྱེད་པས་གཞིས་རྩེ་གྲོང་ཁྱེར་གྱི་འབྲེལ་ཡོད་རྫོང(གྲོང་ཁྱེར)གྱི་ཤང་དང་གྲོང་ཚོར་བསྐྱོད་པ་དང་ཚན་པ(སྡེ་ཚན)40ལྷག་ཙམ་ལ་འཚམས་འདྲི་བྱས་ནས་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་ས་ཆ་དངོས་སུ་བརྟག་ཞིབ་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་གཞིས་རྩེའི་དོན་དངོས་གནས་ཚུལ་དང་དགོས་མཁོ་ཤེས་རྟོགས་གཏིང་ཟབ་བྱས་པ་རེད།
བརྟག་ཞིབ་གང་ལེགས་བྱས་པའི་རྨང་གཞིའི་ཐོག ཅི་ལིན་ཞིང་ཆེན་གྱི་ཁག་དྲུག་པའི་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་རྣམ་གྲངས་ལ་བརྟེན་ནས་བོད་སྐྱོར་དང་། ཐོན་ལས་ལ་བརྟེན་ནས་བོད་སྐྱོར། རིག་སྟོབས་ལ་བརྟེན་ནས་བོད་སྐྱོར། བརྩེ་སེམས་ལ་བརྟེན་ནས་བོད་སྐྱོར་བཅས་བྱེད་པའི་ནང་ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་བོད་སྐྱོར་གྱི་བཀྲག་མདངས་འཚེར་ས་གཏོད་པ་དང་། གནད་སྨིན་དབུལ་སྐྱོར་མངོན་གསལ་དོད་པོ་ཡོང་བ། གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་མངོན་གསལ་དོད་པོ་ཡོང་བ། ཞིང་འབྲོག་པར་ཡུན་རིང་ཕན་པ་ཐོབ་པ་བྱ་རྒྱུ་མངོན་གསལ་དོད་པོ་ཡོང་བ་བཅས་བྱས་ནས་བཀོད་པ་ལུགས་མཐུན་དང་། གཙོ་གནད་བཀོད་སྒྲིག གཅིག་སྡུད་འཛུགས་སྐྲུན་བཅས་བྱས་ཏེ་རྣམ་གྲངས་མ་དངུལ་གཞི་རིམ་དང་དམངས་འཚོར་ཕྱོགས་པའི་བརྩོན་ལེན་བྱེད་དགོས་ཞེས་བཏོན་ཡོད་པ་རེད།
དེར་བརྟེན། བོད་སྐྱོར་ལས་དོན་ཚོགས་ཆུང་གིས་ཅི་ལིན་ཞིང་ཆེན་བོད་སྐྱོར་གཞུང་དོན་ཁང་དང་། གཞིས་རྩེ་གྲོང་ཨུད་དང་སྲིད་གཞུང་དབར་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་རེས་སྐོར་གསར་པའི་བོད་སྐྱོར་རྣམ་གྲངས་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་དང་། ས་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་གཞིས་རྩེ་གྲོང་ཨུད་ཀྱི་བསམ་ཕྱོགས་དང་། དེ་བཞིན་གཏིང་སྐྱེས་དང་། སྐྱིད་གྲོང་། ས་དགའ་བཅས་རོགས་སྐྱོར་ཐོབ་པའི་རྫོང་གསུམ་གྱི་འཕེལ་རྒྱས་ངེས་གནས་གཞིར་བཟུང་། ལེགས་ཆ་དང་ཁྱད་ཆོས་སྟངས་འཛིན་ཡང་དག་བྱས་ཏེ“སྟོབས་ཤུགས་གཅིག་སྡུད་ཀྱིས་དོན་ཆེན་སྒྲུབ་པའི”བླང་བྱ་ལག་བསྟར་གྱིས་བརྟག་ཞིབ་རྒྱ་ཁྱབ་དང་རིགས་པས་ཁུངས་སྐྱེལ་གང་ལེགས་བྱེད་པའི་རྨང་གཞིའི་ཐོག་ཅི་ལིན་ཞིང་ཆེན་གྱི་ཁག་དྲུག་པའི་བོད་སྐྱོར་རྣམ་གྲངས་ཀྱི་འཆར་གཞི་བཟོས་ཏེ《ཅི་ལིན་ཞིང་ཆེན་གྱིས་གཞིས་རྩེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད》ལེགས་སྒྲིག་བྱས་པ་རེད།
བསམ་ཕྱོགས་དེ་དག་གཏན་འཁེལ་བྱས་པས་ཅི་ལིན་ཞིང་ཆེན་གྱི་ཁག་དྲུག་པའི་བོད་སྐྱོར་ལས་དོན་འཕེལ་རིམ་བདེ་བླག་བྱུང་ནས་འགོ་ཡག་པོ་ཞིག་འཛུགས་ཐུབ་པ་བྱུང་བ་རེད།
དམངས་འཚོར་དོ་ཁུར་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་དམ་བཟུང་བྱས་པ།
དམངས་འཚོའི་དོན་དངོས་ཡག་པོ་བསྒྲུབ་རྒྱུ་ནི་ཅི་ལིན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེ་ཡིན་པས་ཅི་ལིན་ཞིང་ཆེན་གྱི་ཁག་དྲུག་པའི་བོད་སྐྱོར་ལས་དོན་གྱིས་ཐོག་མར་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་ནས་ཤུགས་རྒྱག་འགོ་བཙུགས་ཡོད།
ལོ་གཅིག་རིང་། ལས་ཞུགས་བརྟན་པོ་ཡོང་བའི་ལས་དོན་ཐག་གཅོད་བྱེད་པའི་ཐད། ཅི་ལིན་ཞིང་ཆེན་གྱི་ཆུ་དོན་མ་འཇོག་ཚོགས་པ་ནས་ཆུ་གྲོན་ཆུང་དང་ཆུ་འདྲེན་གཏོང་འཕེལ་རྒྱས་མ་རྐང་ཚད་ཡོད་ཀུང་སི་ནང་འདྲེན་བྱས་ཏེ་གཞིས་རྩེའི་ས་མཐོའི་སྐྱེ་ལྡན་ཐོན་ལས་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སི་ཐོ་འགོད་བྱས་ནས་བཙུགས་པ་དེ་ས་སྤྱོད་ལག་ཁྱེར་ཆོག་མཆན་ཐོབ་མ་ཐག་ལས་འགོ་ཚུགས་རྒྱུ་ཡིན་པ་དང་། འཆར་འགོད་རྣམ་གྲངས་ལ་བསྡོམས་མ་དངུལ་སྒོར་དུང་ཕྱུར་10བཏང་སྟེ་ལས་ཞུགས་མི་གྲངས་1000ལྷག་ཙམ་བཀོད་སྒྲིག་བྱས་ནས་གཏིང་སྐྱེས་དང་། སྐྱིད་གྲོང་། ས་དགའ་བཅས་རྫོང་རེ་ནས་དབུལ་པོ་10སྔོན་ལ་ལས་ཞུགས་ཐུབ་རྒྱུའི་འགན་ལེན་བྱས་པ་རེད།
དབུལ་སྐྱོར་ལས་བྱེད་པའི་གསོ་སྦྱོང་ལས་དོན་ཐད། ཞིང་ཆེན་དབུལ་སྐྱོར་གཞུང་ལས་ཁང་དང་དེ་བཞིན་གྲོང་ཁྱེར་གསུམ་གྱིས་ལོ་ལྟར་གཞིས་རྩེ་གྲོང་ཁྱེར་གྱི་དབུལ་སྐྱོར་ལས་བྱེད་པ་30གསོ་སྦྱོང་བྱེད་རོགས་བྱ་རྒྱུའི་མོས་མཐུན་བྱས་ཡོད། ཅི་ལིན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱིས་དངོས་སུ་ཡིག་ཆ་བཀྲམ་ནས་ལོ་ལྟར་དབུལ་སྐྱོར་ལས་བྱེད་པ་20གསོ་སྦྱོང་བྱ་རྒྱུ་དང་གྲོང་ཁྱེར་གཞན་གསུམ་ནས་ལོ་ལྟར་ཉུང་མཐར་ཡང་དབུལ་སྐྱོར་ལས་བྱེད་པ་10གསོ་སྦྱོང་བྱ་རྒྱུའི་མོས་མཐུན་བྱས་ཡོད། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བའི་ཐད་ཁྲང་ཁྲུན་གྲོང་ཁྱེར་ཞིང་ལས་ཨུ་ལྷན་དང་མཐུན་སྦྱོར་བྱས་ནས་2017ལོ་དང་2018ལོར་གཞིས་རྩེའི་ཞིང་འབྲོག་ལས་བྱེད་པ་ཁག་གསུམ་སོ་སོར་སྒྲིག་འཛུགས་བྱས་ནས་ཁྲང་ཁྲུན་དུ་གསོ་སྦྱོང་དང་སློབ་སྦྱོང་བྱེད་པར་གཏོང་རྒྱུའི་མོས་མཐུན་བྱས་པ་དང་། གཙོ་བོ་ནད་འབུའི་གནོད་འཚེ་སྔོན་འགོག་ཚོད་འཛིན་དང་དེ་བཞིན་ཞིང་སྨན་གྱི་ཁྲིམས་བསྟར་དང་། ས་བོན་ཞིབ་དཔྱད། ས་དཔྱད་ལུད་སྦྱོར། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཞིབ་དཔྱད་སོགས་ཀྱི་ཐད་ལས་ཀའི་འཇོན་ཐང་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།