དབུ་ཤོག>གསར་འགྱུར།
  • ཁ་གཏད་བོད་སྐྱོར་གྱིས་དབུལ་སྐྱོར་ལ་དམིགས་ནས་ནུས་ཤུགས་བཏོན་པ།

  • ཡོང་ཁུངས།  ​ མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2017-07-18

    ཉེ་ཆར་། གསར་འགོད་པས་བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2012ལོ་ནས་2016ལོའི་བར་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་17གྱིས་རིམ་རྩིས་ལྟར་ན་བོད་སྐྱོར་རྣམ་གྲངས་2190(ཡན་ལག་རྣམ་གྲངས་ཚུད་པ)ལག་བསྟར་བྱས་པར་མ་དངུལ་སྒོར་དུང་ཕྱུར་165.3གཏོང་རྒྱུའི་འཆར་གཞི་ཡོད་པའི་ནང་། མ་དངུལ་སྒོར་དུང་ཕྱུར་151.7བཏང་ཡོད་པ་རེད། ཁ་གཏད་བོད་སྐྱོར་བྱེད་མཁན་ཀྲུང་དབྱང་ཁེ་ལས་17གྱིས་བོད་སྐྱོར་རྣམ་གྲངས་530ཙམ་ལག་བསྟར་བྱས་ནས་མ་དངུལ་སྒོར་དུང་ཕྱུར་14.13བཏང་ཡོད་པ་རེད།

    དམངས་འཚོ་རྒྱུན་ཆད་མེད་པར་ལེགས་བཅོས་བྱུང་བ་དང་སྤྱི་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་བརྟན་པོ་བྱུང་ཞིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་། གྲོང་ཁྱེར། བོད་སྐྱོར་ཀྲུང་དབྱང་ཁེ་ལས་ཁག་གིས་ཐོག་མཐའ་བར་གསུམ་དུ་དམངས་འཚོ་ལེགས་བཅོས་བྱེད་རྒྱུ་དེ་བོད་སྐྱོར་གྱི་གཙོ་གནད་དུ་བརྩིས་ནས་བོད་སྐྱོར་མ་དངུལ་ས་ཁུལ་དབུལ་པོ་དང་དམངས་འཚོའི་ཁྱབ་ཁོངས་སུ་བཏང་ཡོད་པ་རེད། བོད་རང་སྐྱོང་ལྗོངས་ཀྱིས་བདེ་སྡོད་ལས་གྲྭ་འཛུགས་སྐྲུན་དང་། གྲོང་གསེབ་གསར་པ་འཛུགས་སྐྲུན། གྲོང་ཚོའི་རྣམ་པ་དང་ཁོར་ཡུག་ལེགས་བཅོས། སྣོད་བཅུད་ཤེས་དཔལ་གྱི་འབྱོར་འབྲིང་དཔེ་སྟོན་ཁུལ་འཛུགས་སྐྲུན་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱེད་རྒྱུར་གཞོགས་འདེགས་བྱས་པས་ཞིང་འབྲོག་པ་མང་ཚོགས་ཀྱི་སྡོད་གནས་ཀྱི་ཁོར་ཡུག་དང་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་སུ་ཏན་ཏིག་ཕྱིན་པ་དང་འབྲེལ་ཞིང་འབྲོག་ཁུལ་གྱི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་ཡང་ཕྱིན་ཡོད་པ་རེད།

    རང་བརྟེན་གྱི་ནུས་པ་བློ་བརྟན་འགྱུར་མེད་ངང་ཆེ་རུ་བཏང་ནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཞིང་། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་། གྲོང་ཁྱེར། བོད་སྐྱོར་ཀྲུང་དབྱང་ཁེ་ལས་ཁག་གིས“གཞན་བརྟེན”དང“རང་བརྟེན”གཉིས་ཕན་ཚུན་ཟུང་འབྲེལ་བྱས་ནས་རོགས་སྐྲུན་ས་གནས་དང་ཚན་པའི་རང་ངོས་ཀྱི་འཕེལ་རྒྱས་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད་པ་རེད། བོད་སྐྱོར་གྱི་ཐོན་ཁུངས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ཐོན་ལས་བོད་སྐྱོར་ལ་སྣང་ཆེན་བྱས་ཏེ་རྣམ་གྲངས་འཛུགས་སྐྲུན་ཁོ་ན་བྱེད་པ་ནས་ས་གནས་ཀྱི་ནོར་སྲིད་ཡོང་འབབ་མང་དུ་གཏོང་རྒྱུར་རོགས་རམ་བྱས་ཏེ་རང་བརྟེན་གྱི་ནུས་པ་ཆེ་རུ་གཏོང་རྒྱུའི་ཕྱོགས་སུ་སྒྱུར་བ་དང་། རིན་མེད་རོགས་སྐྱོར་བྱེད་པ་ནས་ཡོངས་ཁྱབ་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་ཕྱོགས་སུ་སྒྱུར་བས་ཞིང་འབྲོག་མང་ཚོགས་ཀྱི་རྒྱུན་མཐུད་འབབ་འཕར་ལ་ཁྲིད་སྟོན་ཐུབ་ཡོད་པ་རེད།

    རིག་སྟོབས་བོད་སྐྱོར་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ནས་རང་ངོས་ཀྱི་འཕེལ་རྒྱས་ནུས་པ་རྒྱུན་མཐུད་ངང་ཆེ་རུ་བཏང་ཞིང་། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་། གྲོང་ཁྱེར། བོད་སྐྱོར་ཀྲུང་དབྱང་ཁེ་ལས་ཁག་གིས་ཚན་རྩལ་དང་། མ་དངུལ། ཤེས་ལྡན་མི་སྣ། སློབ་གསོ་སོགས་ཐད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་སློབ་སྦྱོང་རྟོག་ཞིབ་དང་། གསོ་སྦྱོང་སྤེལ་རེས། གནས་སྦྱར་སྦྱོང་བརྡར། ཆེད་དོན་འཆད་ཁྲིད་སོགས་བྱས་པ་བརྒྱུད་བོད་རང་ལྗོངས་ལ་འཕྲོད་བསྟེན་དང་། སློབ་གསོ། འགྲིམ་འགྲུལ། ཆུ་བེད། སྲིད་ཁྲིམས། མི་སྤྱི། ཞིང་འབྲོག ཚོང་དོན་སོགས་རིགས་ཁག་གི་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ཡོད་པ་རེད། རིག་སྟོབས་རོགས་སྐྱོར་བྱེད་ནུས་ཆེ་རུ་བཏང་ནས་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་དཔུང་ཁག་གི་གྲུབ་ཆ་ལེགས་སྒྲིག་བྱས་ཏེ་རོགས་སྐྱོར་བྱ་ཡུལ་གྱི་རང་ངོས་འཕེལ་རྒྱས་ནུས་པ་ཆེ་རུ་བཏང་བ་དང་ལས་བྱེད་པ་དང་མང་ཚོགས་ཀྱི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།