དབུ་ཤོག
  • བཏུང་བྱ་གྲང་མོར་འཛེམས་དགོས་པའི་མི་ཚོགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-07-06

    640.webp.jpg

    དབྱར་དུས་ཚ་བ་ཆེ་བའི་སྐབས་བཏུང་བྱ་གྲང་མོ་ནི་མི་ཚོའི་ཚ་འཇོམས་སྐོམ་སེལ་གྱི་བཏུང་བྱ་མེད་དུ་མི་རུང་བ་ཞིག་རེད། འོན་ཀྱང་བཏུང་བྱ་གྲང་མོ་མི་ཚང་མར་འཕྲོད་པའི་ངེས་པ་མེད་ལ་གཤམ་གསལ་གྱི་མི་ཚོགས་ཀྱིས་བཏུང་བྱ་གྲང་མོར་དེ་བས་འཛེམས་དགོས།

    དལ་བའི་རང་བཞིན་གྱི་ཕོ་བའི་གཉན་ཚད་དང་མཁྲིས་པའི་གཉན་ཚད། ཟས་འཇུ་དཀའ་བ་སོགས་འཇུ་བྱེད་མ་ལག་གི་ནུས་པ་ཞན་པའི་ནད་པས་བཏུང་བྱ་གྲང་མོར་འཛེམས་དགོས། རྒྱུ་མཚན་ནི་བཏུང་བྱ་གྲང་མོས་ཕོ་བའི་སྐྱི་ལྤགས་ལ་ཕོག་ཐུག་བཟོས་ནས་ནད་གཞི་ལྕི་རུ་འགྲོ་གི་ཡོད།

    བཏུང་བྱ་གྲང་མོའི་ནང་ཚད་གཞི་མི་འདྲ་བའི་མངར་ཆ་འདུས་ཡོད་པས། ཁྲག་མངར་མཐོ་རུ་ཕྱིན་ཏེ་གཅིན་སྙི་ཟགས་ཁུའི་ནད་གཞི་ལྕི་རུ་འགྲོ་བས་ནད་པ་དེ་རིགས་ཀྱིས་བཏུང་བྱ་གྲང་མོར་འཛེམས་དགོས།

    སོ་རུལ་བ་དང་སོ་ལ་གཉན་ཁ་ཡོད་པའི་ནད་པས་བཏུང་བྱ་གྲང་མོར་འཛེམས་དགོས།

    ཁྲག་ཤེད་མཐོ་བ་དང་འཕར་རྩ་མཁྲེགས་འགྱུར་གྱི་ནད་པས་བཏུང་བྱ་གྲང་མོ་བཏུང་དྲགས་ན་ཕོ་བར་ཕོག་ཐུག་བྱུང་བ་དང་ཁྲག་རླུང་རྒྱས་པ་སོགས་ནད་ཚབས་ལྕི་རུ་ཕྱིན་ནས་ཀླད་ཁྲག་འདྲེས་ཉེན་ཡོད།

    དབུགས་ལམ་གཉན་ཚད་དང་གློ་ཡུའི་གཉན་ཚད། གློ་ཡུའི་ཡན་ལག་དབུགས་འཚང་ནད། གྲུམ་ནད་སོགས་ཕོག་མཁན་གྱིས་རབ་བྱུང་ན་བཏུང་བྱ་གྲང་མོ་འཐུང་རྒྱུ་མེད། བཏུང་བྱ་གྲང་མོའི་རིགས་ཀྱིས་དབུགས་ལམ་ངོས་ཀྱི་ནད་ཚབས་ལྕི་རུ་འགྲོ་གི་ཡོད།

    ཤ་རྒྱས་པའི་ནད་ཕོག་མཁན། བཏུང་བྱ་གྲང་མོའི་ནང་མངར་ཆ་མང་པོ་འདུས་ཡོད་པ་དེས་མཆིན་པའི་མངར་ཆ་འདུས་ཚད་མཐོ་རུ་ཕྱིན་ཏེ་དེ་དག་ཚིལ་ལ་གྱུར་ནས་ལུས་ཤ་རྒྱས་པ་དང་ཁྲག་ཚིལ་གྱི་ནད་སློང་གི་ཡོད།

    ཀལ་མི་འདང་བའི་ནད་པ། བཏུང་བྱ་གྲང་མོའི་ནང་དྲི་རྫས་དང་ཉིང་མེང་སྐྱུར་སོགས་མང་པོ་འདུས་ཡོད་པས་དེས་ཟུངས་ཁྲག་ནང་གི་ཀལ་འདུས་ཚད་དམའ་རུ་གཏོང་བས་ཕྲུ་གུས་བཏུང་ཆེ་ན་ཀལ་མི་འདང་བའི་རང་བཞིན་གྱི་རྩ་འཁུམས་པ་དང་རུས་ཆག ཤ་སྒྲིམ་ལ་ན་ཟུག་གཏོང་བ། ངལ་དུབ་ཆེ་བ་སོགས་ཀྱི་ནད་རིགས་སློང་གི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།