དབུ་ཤོག>གསར་འགྱུར།
  • ཧྲན་ཏུང་ཞིང་ཆེན་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་དོན་སྤེལ་ནས་ལོ་གཅིག་འཁོར་བའི་སྐོར་གྱི་དངོས་བྲིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-06-30

    2016ལོའི་ཟླ་6པར། ཧྲན་ཏུང་ཞིང་ཆེན་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པས་ཧྲན་ཏུང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་། ཕ་ཡུལ་གྱི་མི་དམངས་བཅས་ཀྱི་མངཌ་བཅོལ་ཟབ་མོ་ཕྲག་ཏུ་ཁུར་ནས་སེམས་རྩ་འཁོལ་པོས་གཞིས་རྩེ་གྲོང་ཁྱེར་དུ་ཡོང་སྟེ་རེས་སྐོར་གསར་པའི་ཁ་གཏད་རོགས་སྐྱོར་ལས་དོན་སྤེལ་འགོ་བརྩམས།

    ནང་གནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་བཏང་བ།

    བོད་དུ་སླེབས་རྗེས་ཧྲན་ཏུང་ཞིང་ཆེན་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་དོན་པས་ཐོན་ལས་བོད་སྐྱོར་དང་གཞིས་རྩེ་གྲོང་ཁྱེར་གྱི་ཐོན་ལས་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཞིང་འབྲོག་ཐོན་ལས་དང་། ནུས་རྒྱུ་གཙང་མ། རིག་གནས་ཡུལ་སྐོར་བཅས་ཀྱི་བོད་སྐྱོར་ལས་དོན་ཁག་གསུམ་ཞིབ་ཚགས་སྤེལ་ཡོད་པ་རེད།

    འདེབས་གསོ་ལས་སྣོན་འཕེལ་རྒྱས་གཏོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཞིང་། བོད་སྐྱོར་ལས་དོན་རུ་ཁག་གིས་གཞིས་རྩེའི་སྣོད་བཅུད་སྐྱེ་ལྡན་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་ཀྱི་ཁྱད་ལྡན་ལེགས་ཆ་འདོན་སྤེལ་དང་ཁྲོམ་ར་འཁོར་རྒྱུག་དང་། སྣེ་འདྲེན་ཁྲིད་སྟོན། སྤུས་རྟགས་སྣེ་ཁྲིད་བཅས་འབུར་དུ་ཐོན་པ་བྱས་ནས་སྣོད་བཅུད་སྐྱེ་ལྡན་གྱི་འདེབས་གསོ་ལས་སྣོན་ལས་རིགས་རྒྱ་ཆེ་དང་། སྟོབས་ཆེ། གཏིང་ཟབ། སྤུས་ལེགས་བཅས་ཡོང་བ་བྱས་པ་རེད།

    ནུས་རྒྱུ་གཙང་མའི་ལས་རིགས་འཕེལ་རྒྱས་གཏོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཞིང་། གཞིས་རྩེ་གྲོང་ཁྱེར་གྱི་འོད་འཕྲོའི་ཆ་རྐྱེན་ཚང་བའི་ལེགས་ཆ་འདོན་སྤེལ་བྱས་ནས་བསམ་གྲུབ་རྩེ་ཆུས་སྲིད་གཞུང་དང་ཐུན་མོང་ཐོག“འོད་ཤུགས་དང་སྣོད་བཅུད་སྒྲིག་བཀོད་ཀྱི་ཞིང་ལས་དབུལ་སྐྱོར་གྱི་དཔེ་སྟོན་ཁུལ”འཆར་འགོད་ཀྱིས་འཛུཌ་སྐྲུན་བྱས་པ་དང་སྤྱིའི་རྒྱ་ཁྱོན་ལ་མུའུ་ཁྲི་6.5ཟིན་པ་དང་དུས་ཐེངས་དང་པོར་ཀྲའོ་ཝ་600གཏོང་རྒྱུར་མ་དངུལ་སྒོར་དུང་ཕྱུར་72གཏོང་རྒྱུ་ཡིན་པ་རེད།

    རིག་གནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཞིང་། ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་བཞི་པའི་ཚོང་འགུགས་མ་འདྲེན་བྱེད་སྒོར་བརྟེན་ནས་ཧྲན་ཏུང་གི་ཁེ་ལས་15སྒྲིག་འཛུགས་བྱས་ཏེ་གཞིས་རྩེར་ངོ་འཕྲད་གྲོས་མོལ་དང་རྟོག་ཞིབ་ཏུ་ཡོང་བར་འདོད་འདུན་རྣམ་གྲངས་ཁག་6བཞག་པ་དང་། གཙང་གི་རིག་དངོས་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ་དང་། བསམ་གྲུབ་རྩེ་ཆུས་ཀྱི་གསེར་དངུལ་ཟངས་ཆས་དང་། སྤོས། བོད་རུམ། ཐང་ག་སོགས་མངོན་མིན་རིག་གནས་ཐོན་ལས་རྒྱུན་འཛིན་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱས་པ། བསམ་གྲུབ་རྩེ་ཆུས་ལ་གྲོང་ཚོ་རིམ་པའི་རིག་གནས་ཁང་ཆེན་6སྐྲུན་རོགས་བྱས་པ་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་དུད་ཚང་861གི་མི་4612ལ་ཁྱབ་སྟེ་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་དང་སྤྱི་ཚོགས་ཀྱི་གོམས་སྲོལ་ལེགས་སུ་ཕྱིན་ཡོད་པ་རེད།

    དམངས་འཚོ་འགན་ལེན་དང་ལེགས་སུ་བཏང་བ།

    དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་བོད་སྐྱོར་ལས་དོན་གྱི་འགོ་འཛུགས་ས་དང་དོན་ལ་བབས་ས་ཞིག་ཡིན། ཧྲན་ཏུང་ཞིང་ཆེན་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་དོན་པས་སློབ་གསོ་དང་སྨན་བཅོས་དེ་དམངས་འཚོའི་བོད་སྐྱོར་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཧུར་ཐག་བཏང་བ་རེད།

    སློབ་གསོའི་བོད་སྐྱོར་ཐད། ལོ་གཅིག་རིང་། “ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་ལས་དོན་སྤེལ་ནས་ཞིང་ཆེན་དེ་ཡོངས་ཀྱི་དགེ་རྒན་50སྒྲིག་འཛུགས་བྱས་ཏེ་གཞིས་རྩེ་གྲོང་ཁྱེར་གྱི་མཐོ་རིམ་སློབ་འབྲིང་དང་པོར་སློབ་གསོའི་རོགས་སྐྱོར་བྱེད་པར་བསྐྱོད་པ་དང་དུས་མཚུངས་གཞིས་རྩེའི་རྫོང་ཆུས་5ནས་སློབ་གྲྭ་འབྲིང་ཆུང་གི་རྐང་འཛིན་དགེ་རྒན་30ནང་སར་དུས་ཡུན་ལོ་གཅིག་གི་ལས་ཐོག་གནས་སྦྱར་གསོ་སྦྱོང་ནང་ཞུགས་ཡོད་ཅིང་། “བར་སྣང་སློབ་ཚན”གྱི་འདུ་འགོད་ལག་ལེན་བསྟར་ནས་བསམ་གྲུབ་རྩེ་ཆུས་ཀྱིས་ཆིང་ཏའོ་གྲོང་ཁྱེར་གྱི་སློབ་གྲྭ་འབྲིང་ཆུང་དང་བར་སྣང་སློབ་ཚན་སྦྲེལ་མཐུད་བྱས་པས་སྤུས་ལེགས་སློབ་གསོའི་ཐོན་ཁུངས་མཉམ་སྤྱོད་ཐུབ་ཡོད་པ་རེད།

    སྨན་བཅོས་རོགས་སྐྱོར་ཐད། ཧྲན་ཏུང་ཞིང་ཆེན་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་དོན་པས“ཚོགས་སྒྲིག་རྣམ་པའི”སྨན་བཅོས་བོད་སྐྱོར་གྱི་རྣམ་པ་རང་འགུལ་ངང་རྒྱ་ཆེར་བཏང་ནས་སྨན་བཅོས་བོད་སྐྱོར་དེ་རྫོང་དང་ཆུས་ཀྱི་གཞི་རིམ་དུ་སྣུར་སྲིང་ཧུར་ཐག་བྱས་པ་རེད།

    ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པས་ལྷག་བསམ་རྣམ་དག་ངང་བྱ་སྤྱོད་དངོས་ཀྱི་ཐོག་ནས་རྒྱ་བོད་མི་རིགས་མཐུན་སྒྲིལ་ཐད་དྲང་ནུས་ལེགས་སྐྱེས་འབུལ་བ་དང་ལང་ཚོ་གངས་ལྗོངས་ས་མཐོར་ཕུལ་ནས་བོད་སྐྱོར་གྱི་ལེའུ་གསར་པ་བརྩམས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།