“ཤ་མོ་རྟེན་གཞིར་ཡོང་བ་ནས་བཟུང་། འདི་གར་ལས་ཀ་བརྟན་པོ་འདུག་ལ། ཟླ་རེའི་ཡོང་འབབ་ཀྱང་སྒོར་2000ལྷག་ཙམ་འདུག རྟེན་གཞིས་ང་ཚོར་ཟས་སྡོད་མཁོ་འདོན་བྱས་པས་འཚོ་བའི་འགྲོ་གྲོན་མང་པོ་གྲོན་ཆུང་ཐུབ་སོང་། གོམ་སྟབས་རྗེས་མར་ངས་ཤ་མོའི་འདེབས་འཛུགས་ལག་རྩལ་ཡག་པོ་སྦྱངས་ཏེ་རང་ཉིད་ཀྱིས་དྲོད་ཁང་ཞིག་རེ་ཞུ་བྱས་ནས་ཐོན་སྐྱེད་གཉེར་སྐྱོང་བྱ་རྩིས་ཡོད། དེ་ལྟར་བྱས་ཚེ་ཡོང་འབབ་དེ་བས་མང་བ་གསོག་ཐུབ”དབུལ་སྒྲོལ་ཕྱུག་འགྱུར་ཡོང་བ་ནི་ཁ་རུབ་ཆུས་འགུ་རོ་གྲོང་རྡལ་རྒྱ་གླིང་གྲོང་ཚོའི་ཉི་མ་སྒྲོལ་དཀར་གྱི་ལོ་མང་གི་ཕུགས་བསམ་རེད།
2016ལོར་འགུ་རོ་གྲོང་རྡལ་གྱིས་ས་ཁོངས་ཀྱི་ལེགས་ཆ་དང་རང་བྱུང་དཔལ་འབྱོར་ཆ་རྐྱེན་ཟུང་དུ་འབྲེལ་ནས“ཤང་གཅིག་ལ་ཁྱད་ལྡན་གཅིག་དང་གྲོང་ཚོ་གཅིག་ལ་སྤུས་རྟགས་གཅིག”གི་དཔལ་འབྱོར་འཕེལ་རྒྱས་ཀྱི་བསམ་ཕྱོགས་བཏོན་ཏེ་རྒྱ་གླིང་གྲོང་ཚོའི་ཤ་མོ་འདེབས་འཛུགས་རྟེན་གཞི་དང་། འགུ་རོ་གྲོང་ཚོའི་ཁམས་པའི་བོད་བྱ་གསོ་ཚགས། རན་མདའ་གྲོང་ཚོའི་ཁ་གདན་འཐག་ཁང་། རལ་པ་གྲོང་ཚོའི་པད་ཁ་འདེབས་འཛུགས། ཆུ་ཉིན་གྲོང་ཚོའི་ཁམས་པའི་བོད་ཕག་གསོ་ཚགས་སོགས་ཀྱི་ཐོན་ལས་རྣམ་གྲངས་ལ་རོགས་སྐྱོར་ཤུགས་ཆེན་བྱས་ནས་ཤང་དང་གྲོང་ཚོ་ཧྲིལ་པོའི་དབུལ་སྒྲོལ་ལས་དོན་ལ་སྐུལ་འདེད་བཏང་བས་གྲོང་རྡལ་ཡོངས་ཀྱི་གཱ་དང་ཡིག་ཚགས་བཟོས་པའི་དུད་ཚང་194ཡི་དབུལ་པོ་847དབུལ་སྒྲོལ་བྱ་རྒྱུར་སྐུལ་མ་ནུས་ལྡན་ཐེབས་ཡོད།
འགུ་རོ་གྲོང་རྡལ་གྱི་ཁྱིམ་མཚེས་གྲོང་ཚོ་ཡིན་པའི་རི་དུང་ཤང་ནི་ཐོན་ལས་རྣམ་གྲངས་མང་ཤོས་ཀྱི་ཤང་ཞིག་ཡིན་ཞིང་། 2016ལོར་སྲིད་གཞུང་གིས་མ་དངུལ་ཐད་རོགས་སྐྱོར་བྱས་པ་དང་དེ་བཞིན་དེ་སྔའི་ཐོན་ལས་རྣམ་གྲངས་ཆེ་རུ་བཏང་བ་བརྒྱུད་ཤང་དེས་རི་དུང་བོད་སྨན་བཟོ་གྲྭ་དང་། མདོ་ཁམས་མི་རིགས་ལག་ཤེས་བཟོ་ལས། བཞོན་མ་གསོ་ཚགས་ར་བ། རྩམ་པ་ལས་སྣོན་བཟོ་གྲྭ་སོགས་ཐོན་ལས་རྣམ་གྲངས་9བཙུཌ་པས་ཤང་ཡོངས་ཀྱི་མང་ཚོགས་དབུལ་པོ་1046གི་མི་60%ཙམ་དབུལ་སྒྲོལ་ཐུབ་ཡོད།
རི་དུང་ཤང་དབུ་མདའ་གྲོང་ཚོའི་གྲོང་མི་དབུལ་པོ་བསྟན་པས“གྲོང་ཚོའི་ནང་སྟེང་ཤོད་དམངས་ཕན་རྩམ་པ་ལས་སྣོན་བཟོ་གྲྭ་བཙུགས་པ་ནས་བཟུང་ཟླ་རེར་ངར་ཡོང་འབབ་སྒོར་2000ཡོད་པ་མ་ཟད། ལས་ཟོས་ཀྱང་ཡངས་པོ་་འདུག”ཅེས་བཤད།
2016ལོ་ཚུན་ཁ་རུབ་ཆུས་ཀྱིས་ས་ཁོངས་ཀྱི་ལེགས་ཆ་དང་། ཕུན་སུམ་ཚོགས་པོའི་ཐོན་ཁུངས། རིག་གནས་ཀྱི་རྨང་གཞི་ཟབ་མོ་བཅས་ལ་བརྟེན་ནས་ཐོན་ལས་རྣམ་གྲངས་འཛུགས་སྐྲུན་དང་འཕེལ་རྒྱས་གསར་གཏོད་བྱ་རྒྱུ་དེ་མང་ཚོགས་ཀྱི་ཡོང་འབབ་ཡུན་རིང་དང་། རྒྱུན་མཐུད། བརྟན་པོ་བཅས་ཡོང་བའི་ཐབས་ལམ་གལ་ཆེན་དུ་བརྩི་ཡི་ཡོད། ཐོན་ལས་ཆེ་མོ་དམ་འཛིན་བྱ་གཞི་གཙོ་བོར་བརྩིས་ནས་ཡུན་རིང་སྐུལ་ཁྲིད་བྱེད་པ་དང་ཐོན་ལས་ཆུང་ངུ་ཕལ་པར་བརྩིས་ནས་དུས་ཐུང་ནང་འབབ་འཕར་ཡོང་རྒྱུ་རྩ་དོན་ལ་འཛིན་ཏེ་ཁོངས་གཏོགས་ཁུལ་གྱི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཐོན་ལས་འཕེལ་རྒྱས་ཡག་པོ་གཏོང་ཆེད། ཁ་རུབ་ཆུས་ཀྱིས་འདེབས་འཛུགས་གསོ་ཚགས་དང་། ཐོན་ཁུངས་སྔོག་འདོན། མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་ལས། ཡུལ་སྐོར་སོགས་ཐད་སྟོབས་ཤུགས་ཡོད་རྒུ་བཏོན་ནས་ལས་དོན་ཡག་པོ་བསྒྲུབས་ཤིང་། སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར་1.13བཏང་སྟེ་དབུལ་སྐྱོར་ཐོན་ལས་རྣམ་གྲངས་43ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བས་གཱ་དང་ཡིག་ཚགས་བཟོས་པའི་མང་ཚོགས་དབུལ་པོའི་དུད་ཚང་1752ཀྱི་མི་7062སྣེ་ཁྲིད་ཐུབ་ནས་ལོར་མི་རེར་ཆ་སྙོམས་འབབ་འཕར་སྒོར་2000ལྷག་ཙམ་བྱུང་ཡོད།
དབུལ་སྒྲོལ་འགག་སྒྲོལ་གྱི་ལམ་བུའི་ཐོག་ཐོན་ལས་དབུལ་སྐྱོར་དེ་མང་ཚོགས་དབུལ་པོ་དབུལ་སྒྲོལ་ཐུབ་རྒྱུར་རྒྱང་རིང་གཏིང་ཟབ་ཀྱི་དོན་སྙིང་ལྡན་ཡོད། དེས་ལས་ཞུགས་བརྟན་དུ་གཏོང་ཐུབ་པ་དང་ཡོང་འབབ་རྒྱུན་མཐུད་ངང་མང་དུ་གཏོང་བ་མ་ཟད། ཕྱོགས་གཅིག་ཕྱུག་འགྱུར་སྣེ་ཁྲིད་ཀྱང་བྱེད་ཐུབ། ཁ་རུབ་ཆུས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་བཀོད་འདོམས་དཔོན་གཞོན་པ་སྐལ་བཟང་ཚེ་རིང་གིས“ཁ་རུབ་ཆུས་ཀྱིས་ཐོན་ལས་ཆེ་མོ་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ‘འདེབས་འཛུགས་དང་། གསོ་ཚགས། ལས་སྣོན’བཅས་ཀྱི་དཔེ་སྟོན་ཁུལ་བཏོད་ནས་དབུལ་སྐྱོར་ཐོན་ལས་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ་ཡིན་པ་དང་སྔོན་རྩིས་བྱས་ན་2017ལོར་ཐོན་ལས་ཀྱིས་མང་ཚོགས་དབུལ་པོ་8000ལྷག་ཙམ་སྣེ་ཁྲིད་བྱ་རྒྱུ་དང་མི་རེར་ཆ་སྙོམས་འབབ་འཕར་སྒོར་3200ཟིན་པའི་བརྩོན་ལེན་བྱ་རྒྱུ་ཡིན”ཞེས་བཤད།