འདི་ནི་མངའ་རིས་ས་ཁུལ་རུ་ཐོག་རྫོང་ཆུ་མིག་མཚོ་མོའི་རིམ་པ་དང་པོའི་སྤྱི་བདེ་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་ཞིབ་བཤེར་ས་ཚིགས་ཀྱི་དུས་རྒྱུན་ལས་དོན་བསྒྲུབས་པ་ཕུད་ས་བབ་མཐོ་ཚད་སྨི་6000ཡན་ཟིན་པའི་མཐའ་མཚམས་རི་རྒྱུད་དུ་སྐོར་གཡེང་བྱེད་དགོས་ཀྱི་ཡོད་པ།
“འཐབ་གྲོགས་བསྐྱལ། འཐབ་ལམ་དུ་བཞུད། ལས་འགན་ལྕི་ལ་ལམ་ཐག་རིང་། དྲིལ་བུའི་སིལ་སྒྲ་ལྷང་ལྷང་སྒྲོགས” ཞོགས་པའི་ཆུ་ཚོད་དགུ་པའི་ཐོག་རླུང་འཕྲིན་རོལ་མོ་དུས་ལྟར་གྲགས་འཕྲལ་ཕུར་བུ་བཀྲ་ཤིས་ཀྱིས་ཉེན་རྟོགས་པའི་ཆས་གྱོན། ཆུ་ཚོད་9་དང་སྐར་མ་10ཡི་ཐོག སྒེའུ་ཁུང་ཕྱི་རོལ་གྱི་དྲག་རླུང་གི་འུར་སྒྲ་དང་མཉམ་དུ་ཁོང་གིས་མལ་ལས་ལོངས་དགོས་པའི་དུང་བརྡ་བཏང་བར། མི་དམངས་ཉེན་རྟོག་པ་དང་དཔོན་དམག་39འཕྲལ་དུ་འཛོམས་ནས། “མེའོ་ཀྲི་པེའོ”“བསླེབས་ཡོད”“ཐུང་ཉིང”“བསླེབས་ཡོད”....... ཅེས་ཕུར་བུ་བཀྲ་ཤིས་ཀྱིས་མིང་བཤེར་བྱས་རྗེས་ཉིན་དེའི་ལས་འགན་བཀོད་སྒྲིག་བྱས་པ་རེད།
དྲག་རླུང་ལྡང་བའི་དབང་གིས་ཁང་པའི་ལྕགས་ཤོག་གི་ཐོག་ནས་སྒྲ་འུར་འུར་ལྡང་ནའང་མེའོ་ཀྲི་པེའོ་ཡིས་སྣང་བ་གང་ཡང་མེད་པར་ཞོགས་ཟས་ཟས་རྗེས་ལས་རོགས་འགའ་དང་ལྷན་དུ་གཞུང་ལམ་ཕ་རོལ་གྱི་ཆུ་མིག་མཚོ་མོའི་ཁར་ཆུ་ལེན་དུ་ཕྱིན་པ་རེད། “དགུན་ཁར་ང་ཚོའི་འཚོ་བའི་སྤྱོད་ཆུ་ཚང་མ་མཚོ་འཁྱགས་བཅག་ནས་ལེན་རྒྱུ་རེད། དབྱར་ཁར་ཆུ་འཐེན་འཕྲུལ་འཁོར་སྤྱད་དེ་འཐེན་ཆོག དགུན་ཁར་གནམ་གཤིས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་བཞི་བཅུ་ལྔ་བཅུར་བསླེབས་ནས་མཚོ་མོ་འཁྱགས་པས་བསྡམས་ཀྱི་ཡོད་པས། འཁྱགས་པ་མ་བཀོག་ན་ཆུ་ལེན་ཐུབ་ཀྱི་མི་འདུག”ཅེས་ཤོད་བཞིན་ཆུ་ཚོད་11ཐོག་མེའོ་ཀྲི་པེའོ་ཡིས་མཚན་མོའི་ལས་བྱའི་མི་དམངས་ཉེན་རྟོག་པ་དང་ལས་ཀ་རྩིས་སྤྲོད་རྩིས་ལེན་བྱས་རྗེས་ཉིན་གཉིས་པའི་ཆུ་ཚོད་11བར་ཏུ་ལས་བྱར་སྡོད་རྒྱུའི་གྲ་སྒྲིག་བྱས།
མི་དམངས་ཉེན་རྟོག་པ་བཀྲ་ཤིས་སྤེན་པས་མེའོ་ཀྲི་པེའོ་དང་མི་འདྲ་བར་ཉིན་གུང་གི་ལམ་རྒྱགས་གྲ་སྒྲིག་བྱས་རྗེས། གངས་ཀྱིས་ཁེངས་པའི་རི་རྩེར་འཛེགས་ནས་ཉིན་གཅིག་གི་སྐོར་གཡེང་ལས་དོན་སྒྲུབ་དགོས།
རུ་ཐོག་རྫོང་ནས་བྱང་དུ་རླངས་འཁོར་བཏང་ནས་སྤྱི་ལེ་280བསྐྱོད་ཚེ་ངག་རྒྱུན་གྱི“གཤིན་རྗེ་འཕྲང”སྟེ་ས་བབ་མཐོ་ཚད་སྨི་5118ཟིན་པའི་ཆུ་མིག་མཚོ་མོའི་རིམ་པ་དང་པོའི་སྤྱི་བདེ་ཞིབ་བཤེར་ས་ཚིགས་སུ་སླེབས།
གསར་འགོད་པ་ཞིབ་བཤེར་ས་ཚིགས་སུ་འབྱོར་སྐབས་ཁ་བ་དང་བྱེ་མ་འདྲེས་པའི་དྲག་རླུང་འུར་འུར་དུ་ལྡང་བཞིན་འདུག་ལ། སྐབས་དེར་སྐྲ་ཉུང་ཞིང་། གདོང་དང་མཆུ་ཏོ་སྨུག་པོ་ཆགས་པའི་མི་དམངས་ཉེན་རྟོག་པ་ཞིག་ང་ཚོའི་ཕྱོགས་སུ་ཡོང་ནས“དྲོད་ཁང་ནང་དུ་འགྲོ། ཕྱིར་གྲང་མོ་འདུག”ཅེས་བཤད་ཅིང་། ཁོང་ནི་ཞིབ་བཤེར་ས་ཚིགས་དེའི་ཀྲན་ཀྲང་ཕུར་བུ་བཀྲ་ཤིས་རེད།
“དྲོད་ཁང”ཞེས་པ་ནི་ཤེལ་སྒོའི་ཁང་པ་ཆེན་པོ་ཞིག་སྟེ། དེའི་ནང་དུ་ཡང་བསྐྱར་ཤེལ་སྒོའི་བཅད་བརྒྱབ་ནས་ཁང་མིག་གཉིས་བཟོས་པའི་གཞོགས་གཅིག་ཏུ་ཟ་ཁང་དང་གཞན་པ་དེ་བྱེད་སྒོ་ཁང་རེད། དེ་ཉིན་ཞིབ་བཤེར་ས་ཚིགས་བརྒྱུད་དེ་ཕར་འགྲོ་ཚུར་འོང་བྱེད་མཁན་རླངས་འཁོར་མང་པོ་ཡོད་པས་མི་དམངས་ཉེན་རྟོག་པར་ཕྱི་དྲོའི་ཆུ་ཚོད་གཉིས་པའི་ཐོག་གཞི་ནས་གུང་ཟས་ཟ་རྒྱུ་བྱུང་བ་དང་། སྐར་མ་ལྔ་མ་ཟིན་ཙམ་ནང་མི་དམངས་ཉེན་རྟོག་པས་གུང་ཟས་ཟས་ཚར་རྗེས་ཡང་བསྐྱར་ལས་ཀར་ཕྱིན། “འདི་གར་ཧ་ཅང་གྲང་བས་ཟ་མ་མྱུར་དུ་གྲང་མོ་ཆགས་གི་ཡོད་པས་མི་དམངས་ཉེན་རྟོག་པ་ཚོ་འདི་ལྟར་མགྱོགས་པོར་ཟ་རྒྱུར་གོམས་ཡོད”“ཡིན་ན་ཡང་སྔོན་ཆད་དང་བསྡུར་ན་ད་ཆ་ཆ་རྐྱེན་ཧ་ཅང་ལེགས་སུ་ཕྱིན་ཡོད”ཅེས་ཕུར་བུ་བཀྲ་ཤིས་ཀྱིས་བཤད།
ཞིབ་བཤེར་ས་ཚིགས་ཀྱི་བྱེད་སྒོ་ཁང་དུ། སྒྲོམ་སྟེགས་སྤོ་ལོ་དང་ཕིང་ཕང་སྤོ་ལོ་རྒྱག་སྟེགས་ཡོད་མོད། ཡིན་ན་ཡང་མི་དམངས་ཉེན་རྟོག་པ་ཚོ་ལྷན་དུ་འཛོམས་ནས་གཞས་གཏོང་བ་དང་སྙིང་གཏམ་ཤོད་རེས་བྱ་རྒྱུར་ཧ་ཅང་དགའ། “ཆུ་མིག་མཚོ་མོའི་མི་དམངས་ཉེན་རྟོག་པ་ཚང་མས་ཁེར་རྐྱང་གི་འཚོ་བར་རོལ་བ་དང་། དཀའ་ཚེགས་དང་། གྲང་ངར། ས་མཐོ་བཅས་ལ་འགྲན་རྩོད་བྱེད་པར་གོམས་པས། ཞིབ་བཤེར་ས་ཚིགས་དེར‘གཤིན་རྗེ་འཕྲང་དུ་རྒྱུག་མཁན་ང་དང་ཆུ་མིག་མཚོ་མོ’”ཞེས་པའི་འབོད་ཚིག་འཇིགས་རྔམ་དོད་པ་ཞིག་ཡོད།
ཕུར་བུ་བཀྲ་ཤིས་ཀྱིས། ཞིབ་བཤེར་ས་ཚིགས་སུ་ཆུ་ཚོད་སྐར་མ་གཅིག་བསྡད་ཀྱང་འགན་འཁྲི་ཡག་པོ་འཁུར་དགོས། འདི་ལ་བློ་དཀར་ཟོལ་མེད་ཟེར་ཞེས་བཤད། འདི་ལྟ་བུའི་དད་སེམས་ལྡན་རྐྱེན་ཆུ་མིག་མཚོ་མོའི་ཞིབ་བཤེར་ས་ཚིགས་བཙུགས་ཚུན་འགྲོ་འོང་བྱེད་མཁན་རླངས་འཁོར་ཐོ་འགོད་ཞིབ་བཤེར་དང་གཞུང་ལམ་རྒྱུན་མཐུད་ཤར་གཏོང་ཐུབ་རྒྱུ་འགན་ལེན་བྱས་པ་མ་ཟད། ད་དུང་རོགས་སྐྱོབ་བྱས་ནས་འགྲོ་འོང་བྱེད་མཁན་མང་ཚོགས་ལ་ཞབས་འདེགས་ཀྱང་ཞུ་ཡི་ཡོད་ཅེས་བཤད། ཕུར་བུ་བཀྲ་ཤིས་ཀྱིས་2016ལོའི་ཟླ་ལྔ་པའི་ཉིན་ཞིག་ལ། ཧྲའན་ཤིས་ནས་ཡིན་པའི་ཡུལ་སྐོར་བ་གཉིས་ཀྱིས་རླངས་འཁོར་བཏང་ནས་དགོང་མོའི་ཆུ་ཚོད་12ཐོག་བྲག་དམར་གཙང་པོའི་འགྲམ་དུ་སླེབས་སྐབས་གཟབ་གཟབ་མ་བྱས་པར་འགོག་སྲུང་ལན་ཀན་ལ་བརྡུངས་པས་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་འཕྲལ་དུ་རོགས་སྐྱོབ་བྱེད་པར་སྐྱོད་པ་ཡིན། “སྐབས་དེར་ཁོང་ཚོར་ལ་དུག་ཕོག་པའི་ནད་རྟགས་ཐོན་འདུག་པས་ང་ཚོས་མྱུར་དུ་གསོ་རླུང་དང་སྲོ་ལོ་དམར་པོ་སོགས་སྟེར་བ་མ་ཟད་ད་དུང་ལྟོ་ཆས་དང་སྡོད་ས་ཡང་མཁོ་འདོན་བྱས་པ་ཡིན། ཕལ་ཆེར་ཉིན་བཅུ་ལྷག་ཙམ་གྱི་རྗེས་སུ་རླངས་འཁོར་ཉམས་བཟོ་གྲུབ་ཅིང་གཟུགས་པོ་ཡང་སླར་གསོ་བྱུང་རྗེས་གཞི་ནས་ཐོན་སོང་། ཡིན་ན་ཡང་བསམ་ཡུལ་ལས་འདས་པ་ཞིག་ལ། ཉིན་ཁ་ཤས་ཀྱི་རྗེས་སུ་ཡུལ་སྐོར་བ་དེ་གཉིས་ཀྱིས་ཤིན་ཅང་གི་ཟོག་འདྲེན་རླངས་འཁོར་ཁ་ལོ་བ་ཞིག་ལ་ང་ཚོར་ཤིང་ཏོག་བསྐུར་པ་འབྱོར་བྱུང”ཞེས་ཕྱིར་དྲན་བྱས་ཤིང་། ད་ཆ་ཡང་ཁོང་དང་ཡུལ་སྐོར་བ་དེ་གཉིས་དབར་འབྲེལ་བ་ཡོད་པ་རེད།
ཐུང་ཉིང་གིས། ཡུལ་སྐོར་བ་མང་བའི་དུས་ཚིགས་སུ་ཞིབ་བཤེར་ས་ཚིགས་སུ་འདི་ལྟ་བུའི་གནས་ཚུལ་ལོ་རེར་ཉུང་མཐར་ཡང་ཐེངས་100འཕྲད་ཀྱི་རེད། ཉིན་རེར་རླངས་འཁོར་1000ལྷག་ལ་ཞིབ་བཤེར་ཐོ་འགོད་བྱེད་དགོས་པ་དང་། ལས་བྲེལ་ཆེ་དུས་ཁ་ལག་ཁམ་གང་དོ་ཟས་རྗེས་མྱུར་དུ་ལས་ཀར་འགྲོ་དགོས། ཡང་བསྐྱར་ཕྱིར་ལོག་ནས་ཟ་དུས་ཁ་ལག་གྲང་མོ་ཆགས་ཚར་འདུག་ཅེས་བཤད།
དྲན་སེམས་བཟོད་བསྲན་བྱ་རྒྱུར་གོམས་པ་དང་། ནད་གདུང་བཟོད་བསྲན་བྱ་རྒྱུར་གོམས་པ། འདི་གའི་ཡོད་ཚད་ལ་གོམས་པར་བྱས།
ཆུ་མིག་མཚོ་བརྟན་སྲུང་བྱས་པ་ལས་ཉེན་རྟོག་པ་ཚང་མའི་ཁྲག་ཤེད་མཐོ་བ་དང་། ཁྲག་ཚིལ་མཐོ་བ། སྙིང་གཡུག་ཤུགས་འཕར་བ། གཉིད་མི་ཁུགས་པ། ཟས་ཀྱི་དང་ཁ་ཉམས་པ། སྐྲ་འབུད་པ། སོ་གྲལ་ཞིག་པ་སོགས་ཀྱི་ནད་རྟགས་ཐོན་ཡོད། མེའོ་ཀྲེ་པེའོ་ཞིབ་བཤེར་ས་ཚིགས་སུ་ལས་ཀ་བྱས་ནས་ལོ་གཉིས་ལས་མ་འདས་རུང་། ལོ་28ལ་སླེབས་མ་ཐག་པའི་ཁོང་སྙིང་ནད་ལངས་ནས་མྱུར་སྐྱོབ་ཐེངས་གཉིས་བྱེད་དགོས་འཁེལ་བ་དང་། ན་ནིང་གཟུགས་པོར་བརྟག་དཔྱད་བྱེད་སྐབས་ཕུར་བུ་བཀྲ་ཤིས་ཀྱི་གཟུགས་པོ་ནས་ནད་རྟགས་ཁག་14ཐོན། “ལོ་བཞིའི་རིང་ངའི་གཟུགས་པོའི་ལྗིད་ཚད་སྤྱི་རྒྱ་18ཆག་པ་དང་། གལ་སྲིད་ངའི་སེམས་ཁམས་ཡག་པོ་མེད་པ་དང་དེ་དག་ཐམས་ཅད་ལ་གོམས་པར་མ་བྱས་ཚེ། ངས་ཇི་ལྟར་བྱས་ནས་བློ་མཐུན་ཚོའི་སྣེ་ཁྲིད་ནས་ལས་དོན་ཡག་པོ་སྒྲུབ་ཐུབ་བམ”ཞེས་ཕུར་བུ་བཀྲ་ཤིས་ཀྱིས་བློ་རྩ་བརྟན་པོས་བཤད།
དེ་དག་ཕུད་པའི་ཡུལ་པོ་ནི་ཁོང་ཚོའི་སེམས་ནད་ཆེ་ཤོས་ཡིན་ཞིང་། “ད་ཆ་དགོང་མོར་ཁྱི་སྐད་གོ་རྒྱུ་ཡོད་པས་སེམས་པ་ལྷོད་དུ་བབས་ཀྱི་འདུག གལ་སྲིད་ད་ཆ་རེ་བ་གཅིག་སྒྲུབ་ཐུབ་ཀྱི་ཡོད་ན། ཉེན་རྟོག་པ་ཚོ་བདེ་མ་ཐང་མ་ཡོང་རེ་དེ་ཡིན་ཏེ། དེ་ལྟར་བྱུང་ན་གཞི་ནས་བོད་ཀྱི་བྱང་སྒོ་ཆེ་མོ་དེ་བས་སྲུང་སྐྱོང་ཡག་པོ་བྱེད་ཐུབ”ཅེས་ཕུར་བུ་བཀྲ་ཤིས་ཀྱིས་བཤད།