2017ལོའི་མཐོ་རྒྱུགས་གཏོང་གྲབས་ཡོད་པའི་དུས་འདིར། ཐེན་ཅིན་གྲོང་ཁྱེར་སློབ་གསོ་སློབ་བསྡུ་རྒྱུགས་ལེན་ཁང་གི་རིགས་གཅིག་མཁས་ཅན་གྱིས། ཡིག་རྒྱུགས་མ་བཏང་གོང་སློབ་མ་ཚོས《རྒྱུགས་རའི་སྒྲིག་ལམ》རྒྱུས་མངའ་གང་ལེགས་བྱེད་དགོས་པ་ལས་སྒྲིག་ལམ་མ་ཤེས་པའི་དབང་གིས་ནོར་འཁྲུལ་ཐོན་རྒྱུ་སྔོན་འགོག་བྱེད་དགོས། གཞན་ཡང་སྔ་སྣུར་དུ་ཡིག་རྒྱུགས་ཀྱི་ཡོ་བྱད་གྲ་སྒྲིག་བྱས་ཏེ་འཁྱེར་རྒྱུ་བརྗེད་པའམ་ཡང་ན་ནོར་ནས་འཁྱེར་ཏེ་ཡིག་རྒྱུགས་གཏོང་བར་ཤུགས་རྐྱེན་ངན་པ་མི་ཕོག་པ་བྱེད་དགོས་ཞེས་བཤད།
རིགས་གཅིག་མཁས་ཅན་གྱིས་མཐོ་རྒྱུགས་གཏོང་གྲབས་ཡོད་པས་སེམས་ལྷོད་པོར་འཇོག་རྒྱུ་གལ་ཆེན་པོ་ཡིན་པ་དང་། སློབ་མས་ངེས་པར་དུ་སེམས་རྣལ་ལ་ཕབ་སྟེ་རང་ངོས་ཀྱི་ཡིག་རྒྱུགས་ཀྱི་ཇུས་གཞི་ལྟར་ཕྱི་རོལ་ཡུལ་དང་ལུགས་མཐུན་གྱི་འཆར་གཞི་འདིང་བ་ལས་རྒྱུན་གཏན་ལས་ལྷག་པའི་སྦྱངས་འབྲས་ཐོབ་པ་བྱ་རྒྱུའི་རེ་བ་བྱ་རྒྱུ་མེད་ལ། བསམ་བློ་གང་བྱུང་དུ་མི་གཏོང་བར་དེ་བས་བག་ཕེབས་ཀྱི་སྒོ་ནས་ཡིག་རྒྱུགས་ནང་ཞུགས་དགོས་ཞེས་བཤད།
ཡིག་རྒྱུགས་གཅིག་བཏང་རྗེས་སློབ་མ་ཚོས་ངེས་པར་དུ་དེའི་སྐོར་བསམ་བློ་མི་གཏོང་བ་དང་། སློབ་མ་གཞན་དང་ཡིག་རྒྱུགས་ཀྱི་སྐོར་མི་གླེང་བར་བློ་རྩེ་གཅིག་སྒྲིམ་ངང་ཡིག་རྒྱུགས་གཞན་དག་གཏོང་རྒྱུའི་གྲ་སྒྲིག་བྱེད་དགོས། ཕྱི་དྲོའི་ཡིག་རྒྱུགས་བཏང་ཟིན་རྗེས་སློབ་མ་ཚོས་དགོང་མོའི་དུས་ཚོད་སྤྱད་དེ་ཉིན་གཉིས་པའི་ཡིག་རྒྱུགས་བསྐྱར་སྦྱོང་དང་གྲ་སྒྲིག་བྱེད་དགོས་མོད། སང་ཉིན་གྱི་ཡིག་རྒྱུགས་ལ་ཤུགས་རྐྱེན་མི་ཐེབས་པའི་ཆེད་ཕྱི་པོ་སྡོད་མི་རུང་ལ་དུས་ཚོད་ཀྱང་རིང་པོ་སྡོད་མི་རུང་།
ཡིག་རྒྱུགས་གཏོང་རིང་། ཁྱིམ་བདག་ཚོས་རྒྱབ་ཕྱོགས་ཀྱི་མཁོ་སྒྲུབ་ལས་དོན་ཡག་པོ་སྒྲུབ་དགོས། སློབ་མར་ཞག་ཚི་ཉུང་བའི་བཟའ་བཏུང་སྟེར་དགོས་པ་དང་། ཤ་དང་སྔོ་ཚལ་སྡེབ་སྦྱོར་ཡག་པོ་བྱས་ཏེ་རྣམ་ཀུན་གྱི་ཟས་རིགས་ལས་འགྱུར་བ་ཆེན་པོ་གཏོང་མི་རུང་།
ཁྱིམ་བདག་གིས་ད་དུང་སློབ་མར་རྒྱུགས་སྤྲོད་ཀྱི་གྲ་སྒྲིག་བྱེད་རོགས་བྱེད་དགོས་པ་དང་། སློབ་མར་ཡིག་རྒྱུགས་གཏོང་བའི་ཡོ་བྱད་གྲ་སྒྲིག་བྱེད་རོགས་བྱེད་དགོས་ལ། འཁྱེར་མི་རུང་བའི་དངོས་པོ་འཁྱེར་མི་དགོས་པའི་དྲན་སྐུལ་ཡང་བྱེད་དགོས།
གཞན་ཡང་དོ་སྣང་བྱེད་དགོས་པ་ཞིག་ལ། ཁྱིམ་བདག་གིས་དངངས་འཚབ་བྱས་ཚེ་སློབ་མར་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པས་སྔོན་ལ་རང་ཉིད་ཀྱི་སེམས་ལྷོད་པོར་འཇོག་དགོས་པ་དང་། དེ་རྗེས་སློབ་མར་སེམས་གསོ་ཡང་ཡང་བཏང་ནས་སེམས་རྣལ་ལ་ཕབ་པ་བྱེད་དགོས་པ་དང་། ཆུ་ཚད་ལས་བརྒལ་བའི་རེ་སྒུག་བྱ་རྒྱུ་མེད་ལ། ལྕག་སྐུལ་འོས་ཤིང་འཚམ་པ་བྱེད་དགོས།