དབུ་ཤོག>གསར་འགྱུར།
  • “ན་གཞོན་ཚོས་བོད་རྙིང་པའི་མུན་ནག་བློ་ལ་བརྟན་པོ་ངེས་པ་བྱེད་དགོས”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-05-27

    ངའི་མིང་ལ་ཚེ་རིང་ལྷ་མོ་ཟེར་བ་དང་ད་ལོ་ལོ་91ལ་སླེབས་ཀྱི་ཡོད། 1926ལོར་ང་རང་ལྷོ་ཁ་ལྷུན་རྩེ་རྫོང་གསང་སྔགས་ཆོས་གླིང་གི་ཞིང་བྲན་ཁྱིམ་དུ་སྐྱེས་པ་དང་། ངའི་ཕ་མ་ནི“བླ་བྲང་ཕྱག་མཛོད”ཁྱིམ་གྱི་ཞིང་བྲན་ཡིན་པས་ང་རང་སྐྱེས་མ་ཐག་ཞིང་བྲན་དུ་གྱུར།

    ལོ་6ལ་སླེབས་སྐབས་ང་རང“བླ་བྲང་ཕྱག་མཛོད”བདེ་ཆེན་ཁྱིམ་དུ་བུ་རྫི་བྱེད་པར་བཏང་བྱུང་། ལོ་8ནས་བཟུང་ཞིང་བྲན་བདག་པོས་ང་རང་དཀའ་ཚེགས་ཆེ་བའི་ངལ་རྩོལ་སྣ་ཚོགས་བྱེད་དུ་བཅུག

    1938ལོར་ང་རང་ལོ་12ལ་སླེབས་སྐབས་ཞིང་བྲན་བདག་པོས་མི་གཞན་ལ་སྟེར་བའམ་ཡང་ན་བཙོངས་པ་གང་ཡིན་མ་ཤེས་པར་ཕ་མ་དང་བྲལ་ནས་ཆ་རྒྱུས་མེད་པའི་ལྷོ་ཁ་སྣེ་གདོང་རྫོང་དུ་སླེབས་ནས་བསམ་མཁར་གཞིས་ཀའི་ཞིང་བྲན་དུ་གྱུར། ཉིན་མོ་མེ་ཤིང་མང་པོ་སྒྲུག་ཐུབ་ཚེ་དགོང་མོ་གཞི་ནས་རྩམ་ཐུག་སླ་པོ་ཞིག་འཐུང་རྒྱུ་ཡོད་པ་དང་། མེ་ཤིང་མང་པོ་སྒྲུག་མ་ཐུབ་ཚེ་རྩམ་ཐུག་སྟེར་རྒྱུ་ལྟ་ཅི། ད་དུང་ཉེས་རྡུང་ཚད་མེད་བཏང་ནས་ཞིང་བྲན་བདག་པོས་སྒོ་ནས་ཕུད་དེ་ཕྱི་རུ་ཉལ་དུ་བཅུག་གི་ཡོད། སྔོན་ཆད་ཉེས་རྡུང་ཚད་མེད་བཏང་ནས་བཟོས་པའི་གཟུགས་པོའི་རྨས་སྐྱོན་དུས་ལྟའང་བཅོས་ཐབས་མི་འདུག

    1951ལོར་བོད་ཞི་བས་བཅིངས་འགྲོལ་བཏང་། སྐབས་དེ་དུས་ང་རང་ད་དུང་གཞིས་ཁའི་འབྲོག་རའི་ནང་ནོར་ལུག་འཚོ་བཞིན་ཡོད་པས་བོད་ཞི་བས་བཅིངས་འགྲོལ་བཏང་བ་ཤེས་མ་བྱུང་ལ་མི་དམངས་བཅིངས་འགྲོལ་དམག་བོད་དུ་སླེབས་པའང་ཤེས་མ་བྱུང་། 1959ལོར་མི་དམངས་བཅིངས་འགྲོལ་དམག་གིས་ལྷ་ས་ནས་ངོ་ལོག་ཟིང་འཁྲུག་པ་རྗེས་འདེད་བཏང་ནས་སྣེ་གདོང་བརྒྱུད་སྐབས་ངས་གཞི་ནས་དཔའ་ངར་ཞུམ་མེད་དང་བྱམས་བརྩེ་ལྡན་པའི་བཅིངས་འགྲོལ་དམག་དངོས་སུ་མཐོང་བྱུང་། བཅིངས་འགྲོལ་དམག་མི་སླེབས་པ་ཤེས་སྐབས་མི་ཚང་མས་རྟེན་འབྲེལ་ཞུས་པ་དང་འབྲེལ་ང་ཚོའི་ཤང་ཡང་དེ་དང་ཆབས་ཅིག་བཅིངས་འགྲོལ་ཐོབ་པ་དང་སྐབས་དེ་དུས་ང་རང་ལོ་33ལ་སླེབས་ཡོད།

    དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་ང་ཚོ་ཕྱུགས་ཟོག་དང་མཉམ་དུ་སྡོད་པའི་ཁར་རང་ལ་བདག་པའི་ཅ་ལག་གང་ཡང་མེད། དམངས་གཙོའི་བཅོས་སྒྱུར་བྱེད་སྐབས་ང་ཚོ་ནང་མི་གསུམ་ལ་ས་ཞིང་མུའུ་3དང་། ལུག་3 བཞོན་མ་1 བཅས་དང་དེ་བཞིན་ཆུ་འཁོར་ཞིག་བགོ་བཤའ་ཐོབ་བྱུང་། དེས་མ་ཚད་ད་དུང་སོ་ནམ་ཡོ་ཆས་དང་མལ་ཆས་སོགས་ཐོན་སྐྱེད་དང་འཚོ་བའི་མཁོ་ཆས་བགོ་བཤའ་ཐོབ་བྱུང་། ས་ཞིང་དང་། ནོར་ལུག སྡོད་ཁང་བཅས་བགོ་བཤའ་ཐོབ་པའི་ཉིན་དེའི་དགོང་མོ་ང་ཚོ་ནང་མི་གསུམ་རང་ཉིད་ཀྱི་ཁང་པའི་ནང་བསྡད་ནས་རང་གིས་བསྐོལ་བའི་རྩམ་ཐུག་འཐུང་རྒྱུ་བྱུང་བས་ཚང་མ་དགའ་སྤྲོ་རབ་ཏུ་མྱོས་པ་དང་ང་རང་ཡང་རང་དབང་མེད་པར་དགའ་ངུ་ཤོར་བྱུང་། 1960ལོར་ང་རང་གཟི་བརྗིད་ལྡན་པའི་ངང་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་པ་མ་ཟད། ད་དུང་ཤང་སྲིད་གཞུང་གི་ཨུ་ཡོན་ལ་བདམས་བྱུང་།

    1960ལོར་དེ་སྔའི་བསམ་མཁར་གཞིས་ཀའི་ནང་བཟན་ཡིན་པའི་ང་ཚོ་དུད་ཚང་11གིས་ཐོན་སྐྱེད་རོགས་རེས་ཚོགས་ཆུང་ཞིག་བཙུགས། མི་རྣམས་ཀྱིས་ཚོགས་ཆུང་དེར“ནང་བཟན་རོགས་རེས་ཚོགས་ཆུང”ཞེས་བརྗོད་ཀྱི་ཡོད། ལོ་དེའི་སྟོན་དུས་སུ་ང་ཚོའི་ཞིང་ཁར་ལོ་ལེགས་བྱུང་ནས་གྲོང་ཚོ་དེ་ཡོངས་ཀྱི་རོགས་རེས་ཚོགས་ཆུང་21ཁྲོད“ནང་བཟན་རོགས་རེས་ཚོགས་ཆུང”གི་འབྲུ་རིགས་ཐོན་འབབ་མཐོ་ཤོས་རེད།

    ཚེ་བརྟན་སྒྲོལ་མ་ལགས་ཀྱིས་བཏང་གནང་བའི་གླུ་གཞས་ལྟར། རི་བོ་ཧི་མ་ལ་ཡ་ག་ཚོད་མཐོ་ཡང་རྩེ་མོ་ཡོད། ཆུ་བོ་ཡར་ཀླུང་གཙང་པོ་ག་ཚོད་རིང་ཡང་ཆུ་འགོ་ཡོད། ང་ཚོ་ཞིང་བྲན་ལའང་ཡར་ལངས་ཐོབ་པའི་ཉིན་ཞིག་ཡོད་པ་སྟེ། དེ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ང་ཚོ་དཀའ་སྡུག་ཆེ་བའི་སྤྱི་ཚོགས་རྙིང་པ་ནས་བསྐྱབས་པ་དེ་ཡིན། ང་ཚོས་ཐོབ་པར་དཀའ་བའི་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་སྤྲས་ལྡབ་བརྒྱ་བྱས་ནས་ཏང་ལ་དགའ་ཞེན་དང་། མི་དམངས་ལ་དགའ་ཞེན། མཐུན་སྒྲིལ་ལ་དགའ་ཞེན་བཅས་བྱས་ཏེ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།

    ཏང་གི་གསོ་སྐྱོང་འོག་ངས་ལག་རྩལ་སྣ་ཚོགས་ཤེས་བྱུང་། ངས་རང་སྦྱོང་བྱས་པ་བརྒྱུད་ད་དུང་དཔེ་དེབ་ཀློག་པ་དང་ཚགས་པར་ཡང་བལྟ་ཤེས་ཀྱི་ཡོད། ངས་རླུང་འཕྲིན་དང་བརྙན་འཕྲིན་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བྱེད་སྒོའི་གནས་ཚུལ་ཤེས་རྟོགས་མང་པོ་ཐུབ་པ་དང་ལྷག་དོན་དུ་ངས་ཉིན་ལྟར་ཞོགས་པ་རླུང་འཕྲིན་ཉན་གྱི་ཡོད། ས་ཐག་རིང་པོར་འགྲོ་མ་ཐུབ་ཀྱང་། ངས་ཐོས་པའི་ལེ་ཚན་དེ་དག་ནས་ཤེས་བྱ་མི་ཉུང་བ་ཞིག་ཤེས་བྱུང་། ངས་ཡུལ་མི་ཚོ་དང་མི་རབས་རྗེས་མ་ཚོར་བོད་རྙིང་པའི་དཀའ་སྡུག་བཤད་ནས་ཏང་གི་བཀའ་དྲིན་བློ་ལ་བརྟན་པོར་ངེས་འདོད་འདུག རྒྱུན་དུ་སྤུན་མཆེད་དང་གྲོགས་པོ་རྣམས་ང་ལ་བལྟ་བར་ཡོང་སྐབས་ངས་ཁོང་ཚོར་རླུང་འཕྲིན་ནས་གོ་ཐོས་བྱུང་བའི་གནས་ཚུལ་བཤད་ནས་ཁོང་ཚོར་སློབ་གསོ་གཏོང་གི་ཡོད། ལྷག་དོན་དུ་ཕྲུ་གུ་ཚོས་ཆུང་དུས་ནས་སློབ་གསོ་དང་ལེན་བྱས་ཏེ་ན་གཞོན་མི་རབས་ཀྱིས་སྤྱི་ཚོགས་རྙིང་པའི་དཀའ་སྡུག་བློ་ལ་བརྟན་པོར་ངེས་པ་དང་ཁོང་ཚོས་མུན་ནག་གི་སྤྱི་ཚོགས་དེ་འདྲ་གང་འདྲ་ཆགས་པ་དང་སུ་ཞིག་གིས་སྤྱི་ཚོགས་དེ་འདྲར་དབང་སྒྱུར་བྱེད་ལུགས་ཤེས་རྟོགས་ཐུབ་པ་བྱས་ཏེ་སློབ་སྦྱོང་ཡག་པོ་བྱས་ནས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ཏེ་ཐོབ་པར་དཀའ་བའི་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་སྤྲས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།