འཚོ་རྒྱུའི་སྨན་རྫས་སྣེ་ཁ་མང་བ་དང་ནུས་པ་ཡང་མི་འདྲ་བ་ཡོད་པས། འཚོ་རྒྱུ་མི་གདེང་བར་དམིགས་གསལ་ནུས་པ་ཐོན་པས་མ་ཚད། ནད་རིགས་འགའ་ཞིག་ལ་གཞོགས་འདེགས་གསོ་བཅོས་ཀྱི་ནུས་པ་ཐོན་བཞིན་ཡོད། འོན་ཏེ་མི་འགའ་རེས་འཚོ་རྒྱུའི་སྨན་རྫས་ཀྱི་ནུས་པར་འུད་སྒྲོག་བྱས་ཏེ། ན་ཚ་གང་ལའང་སྨན་རྫས་དེ་རིགས་ཀྱིས་ཕན་ནུས་ཐོན་པའི་ངོས་འཛིན་ལོག་པ་བྱེད་བཞིན་ཡོད། མི་ལུས་ལ་འཚོ་རྒྱུ་ཉུང་དྲགས་མེད་ཕྱིན། ན་ཚ་གང་ཞིག་ཕོག་ཀྱང་འཚོ་རྒྱུའི་སྨན་རྫས་བཟས་ན་ཕན་མེད་ཡིན་པས་མ་ཚད། ཐ་ན་ནད་རིགས་འགའ་ཞིག་ཚབས་ཇེ་ཆེར་འགྲོ་ཡི་ཡོད། དཔེར་ན་ཕོ་བ་སྨུག་པོའི་ནད་པས་འཚོ་རྒྱུ་ག་པའི་སྨན་རྫས་ཕོན་ཆེ་བཟས་ན། ནད་གཞིར་ཕན་པའི་ཚབ་ལ་ཕོ་བར་ཕོག་ཐུག་གཏོང་གི་ཡོད། དེས་མ་ཚད་མི་འགའ་རེས་འཚོ་རྒྱུ་ག་པ་བཟས་ན་རིམས་འགོག་ནུས་པ་མཐོ་རུ་འགྲོ་བའི་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། དོན་དུ་འཚོ་རྒྱུ་ཉུང་དྲགས་པའི་རྟགས་མཚན་ཡོད་ན་སྨན་རྫས་ཀྱིས་ཁ་གསབ་བྱེད་དགོས་པ་ལས། རྒྱུན་རིང་ཚད་ལས་བརྒལ་ཏེ་འཚོ་རྒྱུ་ག་པ་བཟས་ན་གཅིན་ལམ་དུ་རྡེའུ་སྐྲན་ནད་གཞི་ཕོག་པ་དང་འཕར་རྩ་སྲ་མོར་འགྱུར་སླ་བ་ཡིན་ནོ།