ང་ཚོའི་ཁ་རྒྱུན་དུ་ཞོགས་སྔ་ལངས་བྱས་ན་རིག་པ་གསལ་ཞེས་པ་ནི་ཁུངས་ལུང་ལྡན་པའི་གཏམ་ཚིག་ཅིག་ཏུ་སྣང་། དེ་ཡང་ཞོགས་པ་སྔ་པོ་ལངས་ནས་ལུས་སྦྱོང་བྱས་ན། རྨོངས་གཉིད་ཀྱི་སྒྲིབ་པ་སེལ་ཏེ་རིག་པ་དྭངས་གསལ་ཡོང་བ་མ་ཟད། ཉིན་མོར་ལས་ཀའི་ཧུར་སེམས་འཕེལ་ནས་ལས་ཕྱོད་ཀྱང་ཆེ་བར་གྱུར། གལ་ཏེ་ཞོགས་སྔ་ལངས་རྒྱུན་འཁྱོངས་ཐུབ་ཚེ་ལུས་སེམས་གཉིས་ཀྱི་ངལ་དུབ་རིམ་བཞིན་སེལ་ནས་བདེ་ཞིང་སྐྱིད་པའི་ཚོར་སྣང་གི་ཕན་ནུས་བརྗོད་ལས་འདས།
ཚན་རིག་ཞིབ་འཇུག་པས་ལོ་ན་གཞོན་དུས་ནས་ཞོགས་པ་སྔ་པོ་ལངས་ཏེ་ལུས་སྦྱོང་གོམས་གཤིས་ཡོད་པའི་རྒན་རྒོན་ལ་ཞིབ་འཇུག་བྱས་པ་ལས། ཁོང་ཚོའི་གློ་སྙིང་གི་ནུས་པ་ཧ་ལམ་ལོ་ཉི་ཤུ་ནས་སུམ་ཅུའི་བར་གྱི་གཞོན་ནུ་དང་འདྲ་པོ་ཡོད་པ་རེད།
དེ་ལས་ལྡོག་སྟེ་ཞོགས་ཉལ་བརྒྱབ་ན། ལུས་ཚིལ་འཕེལ་ཏེ་སྙིང་གི་ཁུར་པོ་ལྕི་རུ་སོང་བ་མ་ཟད། ཤ་རྒྱགས་པ་ཆགས་པ་དང་བློ་རིག་མི་གསལ་བར་འགྱུར་བས་ལུས་སེམས་གཉིས་ཀར་གནོད་སྐྱོན་ཆེ་ལ་ནད་གཞི་སྣ་ཚོགས་འབྱུང་བའི་རྒྱུ་རྐྱེན་ཆགས་ཀྱི་ཡོད། དེར་བརྟེན། ཞོགས་པའི་དུས་ཚོད་འཕྲོ་བརླག་མི་གཏོང་བར་ཚང་མས་ཞོགས་སྔ་ལངས་ཀྱིས་ལུས་སྦྱོང་བྱེད་རྒྱུ་ནི་དགོས་གལ་ཤིན་ཏུ་ཆེའོ།