❶རྐང་ཐང་མར་ཕྱིན་ན་སྙིང་དང་གློ་བའི་ནུས་པ་ཆེ་རུ་འགྲོ་ཐུབ། རྟག་ཏུ་རྐང་ཐང་མར་འགྲོ་བའི་གོམས་གཤིས་འཇགས་ན་འཕར་རྩ་རེངས་པའི་ནད་དང་། ཆམ་ནད། དབུགས་ལམ་གྱི་ནད་སོགས་སྔོན་འགོག་བྱེད་པར་ནུས་པ་ཆེན་པོ་ཐོན་པ་དང་། ཁྲག་ཤེད་དང་ཁྲག་མངར་དམའ་རུ་འགྲོ་གི་ཡོད།
❷རྐང་ཐང་མར་ཕྱིན་ན་གཟུགས་བྱད་ལེགས་སུ་འགྲོ་ཐུབ། རྐང་ཐང་མར་མང་ཙམ་ཕྱིན་ན་འཇུ་བྱེད་མ་ལག་སྐུལ་ནས་ཟས་འཇུ་བའི་ནུས་པ་ལེགས་པོ་ཐོན་ཏེ་ཤ་རིད་དུ་སོང་ནས་གཟུགས་བྱད་ཡག་པོ་ཆགས་ཀྱི་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཀྱང་རྐང་ཐང་མར་འགྲོ་བ་ནི་བདེ་འཇགས་དང་ལུས་ཤ་རིད་དུ་གཏོང་བའི་བྱ་ཐབས་བཟང་ཤོས་ཡིན་པའི་ངོས་འཛིན་བྱས་ཡོད།
❸རྐང་ཐང་མར་ཕྱིན་ན་སེམས་ནད་སེལ་བ་དང་གནོན་ཤུགས་ཆུང་དུ་འགྲོ་ཐུབ། རྐང་ཐང་མར་སྦྱོང་བརྡར་མང་ཙམ་བྱས་ན་ལུས་པོའི་དབང་རྩའི་ཚོད་འཛིན་མ་ལག་ལེགས་བཅོས་ཐུབ་ནས་དབང་རྩ་སྣོལ་མ་བརྗེ་སྒྱུར་མྱུར་པོ་བྱུང་སྟེ། གནོན་ཤུགས་ཆུང་དུ་འགྲོ་བ་བ་དང་ཀླད་ཆེན་གྱི་བསམ་གཞིག་ནུས་པ་ཆེ་རུ་འགྲོ་གི་ཡོད།
❹རྐང་ཐང་མར་ཕྱིན་ན་མཇིང་ཚིགས་ཀྱི་ནད་འགོག་བཅོས་ཐུབ། རྐང་ཐང་མར་འགྲོ་སྐབས་མགོ་བོ་འདེགས་ཤིང་བྲང་ཁ་ལྡིར་བ་དང་ལག་པ་གཉིས་གཡུག་བཞིན་བསྐྱོད་ན་མཇིང་ཚིགས་ཀྱི་ནད་སྔོན་འགོག་ལ་ནུས་པ་ཆེན་པོ་ཐོན་པ་དང་སྦྲགས་སྟོད་སྒུར་ཆགས་ཀྱི་མེད།
❺རྐང་ཐང་མར་ཕྱིན་ན་རུས་སོབ་ཀྱི་ནད་སྔོན་འགོག་ལ་ནུས་པ་ཐོན་གྱི་ཡོད། ལོ་ན་མཐོ་རུ་འགྲོ་བ་དང་བསྟུན་ནས་རུས་རྒྱུ་ཟད་ཚད་མང་དུ་འགྲོ་བ་དང་རུས་པ་སོབ་སོབ་ཆགས་ནས་སྐེད་པ་ན་བ་དང་རྐང་ལག་གི་རུས་པ་ཆག་སླ་བའི་སྣང་ཚུལ་ཐོན་གྱི་ཡོད། རུས་སོབ་ཀྱི་ནད་སྔོན་འགོག་བྱེད་དགོས་ན་ཀལ་ཁ་གསབ་བྱེད་དགོས་པ་ཕུད་རྐང་ཐང་མར་གང་མང་འགྲོ་དགོས་སོ།