དབུ་ཤོག>གསར་འགྱུར།
  • “རྒྱུད་གཅིག་ལམ་གཅིག”གི་གྲོས་གཞིའི་མེ་ཏོག་ཨོ་མན་ལ་རབ་ཏུ་བཞད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2017-04-27

    ཤིན་ཧྭ་གསར་འགྱུར་ཁང་ཨོ་མན་གྱི་གྲོང་ཁྱེར་ཏུའུ་ཁུ་མུའུ་ནས་ཟླ་4ཚེས་23ཉིན་གློག་འཕྲིན་འབྱོར་གསལ། “ཀྲུང་གོའི་ཁེ་ལས་ཨོ་མན་དུ་གཞིས་ཆགས་པ་དེས་ཨོ་མན་གྱི་ཁེ་ལས་ཀྱི་ལག་རྩལ་ཆུ་ཚད་དང་དོ་དམ་ནུས་པ་མཐོ་རུ་ཏན་ཏིག་བཏང་ནས་ཨོ་མན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་སྦྱིན་རྒྱུ་རེད”ཅེས་ཀྲུང་གོ་དང་ཨོ་མན(ཏུའུ་ཁུ་མུའུ)ཐོན་ལས་གླིང་གི་རྩིག་རྨང་འདིང་བའི་མཛད་སྒོ་དང་ཁེ་ལས་གླིང་དུ་གཞིས་ཆགས་ཀྱི་མིང་རྟགས་འགོད་པའི་མཛད་སྒོར་ཞུགས་པར་ཡོང་བའི་ཨོ་མན་དཔལ་འབྱོར་དམིགས་བསལ་ཁུལ་གྱི་ཕྱི་ཕྱོགས་འབྲེག་གཏུག་ལས་དོན་འགན་འཁུར་མཁན་དཔོན་རིགས་ས་ལི་ཧོས་དེ་ལྟར་བཤད།

    ཐོན་ལས་གླིང་དེ་ཨོ་མན་གྱི་ཏུའུ་ཁུ་མུའུ་དཔལ་འབྱོར་དམིགས་བསལ་ཁུལ་དུ་ཆགས་ཤིང་། ས་ཁྱོན་སྤྱི་ལེ་ངོས་གྲུ་12ཙམ་དང་འཆར་འགོད་མ་འཇོག་མི་དམངས་ཤོག་སྒོར་དུང་ཕྱུར་670ཟིན་པ་ནི་ཕྱི་རྒྱལ་གྱི་མ་འཇོག་མཁན་གྱིས་ཨོ་མན་དུ་མ་དངུལ་བཏང་ནས་བསྐྲུན་པའི་ཐོན་ལས་གླིང་ཆེ་ཤོས་ཡིན་པ་རེད།

    ས་ལི་ཧོས་ཀྲུང་གོ་དང་ཨོ་མན་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ལས་རིགས་ཀྱིས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཕན་ཚུན་གྱི་ལེགས་ཆ་གསབ་པ་དེས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུ་ཙམ་མ་ཟད། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་བསྐྲུན་རྒྱུར་ཡང་ཕན་པ་ཡོད། ཐོན་ལས་གླིང་སྤྱོད་འགོ་ཚུགས་པ་ནི་ཨོ་མན་དང་ཀྲུང་གོའི་ཁེ་ལས་ཀྱི་ལས་རིགས་མཉམ་ལས་བྱེད་སྟངས་ཡག་པོ་ཞིག་རེད་ཅེས་བཤད།

    ཀྲུང་གོ་དང་ཨོ་མན་ཕྱོགས་ཀྱི་མ་འཇོག་དོ་དམ་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་ཧྲན་ཡན་ཅུས་ཀྱིས་འཛུགས་སྐྲུན་ལོ་ལྔ་བྱས་རྗེས་ཐོན་ལས་གླིང་དེས་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཀྱི་ཐོན་ལས་དང་། རང་བྱུང་སོལ་རླངས་རྫས་འགྱུར་གྱི་བཟོ་ལས་ཐོན་ལས། ཨར་སྐྲུན་རྒྱུ་ཆའི་ཐོན་ལས། རྒྱ་མཚོའི་ཐོན་ལས། དབྱི་སི་ལམ་དང་འབྲེལ་བའི་ཐོན་ལས། གློག་རྡུལ་ཚོང་དོན་ཐོན་ལས། དེང་རབས་ཞིང་ལས་ཐོན་ལས། འཚོ་བའི་ཞབས་ཞུའི་ཐོན་ལས་ལ་སོགས་ལ་ཁྱབ་པར་བྱ་རྒྱུ་ཡིན་པ་རེད་ཅེས་ངོ་སྤྲོད་བྱས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།