དབུ་ཤོག>གསར་འགྱུར།
  • དབང་འདུས་བཟའ་ཚོའི་གཏམ་རྒྱུད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-04-21

    འདི་ལོ་ལོ་54ལ་སླེབས་པའི་དབང་འདུས་དང་ཁོ་པའི་བཟའ་ཟླ་ནི་སེམས་བཟང་ཅན་གྱི་བཟའ་ཚོ་ཞིག་ཡིན་པ་དང་ཁོང་གཉིས་པོ་སྟོད་ལུང་བདེ་ཆེན་ཆུས་ཀྱི་སློབ་ཆུང་དུ་ལས་ཀ་བྱེད་ཀྱི་ཡོད། དབང་འདུས་ནི་སློབ་གྲྭའི་སྒོ་སྲུང་བ་ཞིག་དང་བཟའ་ཟླ་ནི་སློབ་གྲྭའི་གཙང་སྦྲ་བྱེད་མཁན་ཞིག་རེད། བཟའ་ཚོ་གཉིས་ཀྱིས་དུས་རྒྱུན་སློབ་གྲྭའི་དཀའ་ངལ་ཡོད་པའི་སློབ་མར་རོགས་རམ་བྱས་ནས་ཕྲུ་གུ་ཚོར་གོས་འཁྲུ་བ་དང་སྐྲ་བཞར་རོགས་བྱ་རྒྱུ་ནི་ཁོང་གཉིས་པོའི་འཚོ་བའི་གྲུབ་ཆ་ཞིག་ཏུ་གྱུར་ཡོད། དབང་འདུས་དང་ཁུལ་ཆུང་གཅིག་ནང་སྡོད་མཁན་གཙང་སྦྲའི་བཟོ་པས་གསར་འགོད་པར། དབང་འདུས་དང་ཁོ་པའི་བཟའ་ཟླ་སེམས་རྩ་འཁོལ་པོ་ཡོད། ཁོང་གཉིས་པོར་ཕྲུ་གུ་མེད་སྟབས་དྭ་ཕྲུག་གཉིས་དང་ཕ་མ་ཡ་གཅིག་ལས་མེད་པའི་བུ་མོ་གཅིག་གསོ་ཡི་ཡོད། ད་ཆ་ཕྲུ་གུ་གསུམ་ཀ་ཆེན་པོ་ཆགས་ནས་ཁོང་གཉིས་ཀྱི་དྲིན་ལན་འཇལ་གྱི་ཡོད་ཅེས་བཤད།

    དབང་འདུས་བཟའ་ཚོས་གསོས་པའི་གཅེན་གཅུང་གཉིས་པོ་མིག་སྔར་ཁྱིམ་ཚང་ཟིན་ནས་ཕྲུ་གུ་ཡང་ཡོད། བུ་མོ་ཆུང་བ་ལོ་18ལ་སླེབས་སྐབས་ཁོ་མོའི་པ་ཕ་ངོ་མས་ནང་ལ་ཁྲིད། གསོས་པའི་ཕྲུ་གུ་གསུམ་གྱི་སྐོར་གླེང་སྐབས། དབང་འདུས་བཟའ་ཚོ་སྤོབས་སེམས་ཀྱིས་ཁེངས། དབང་འདུས་ཀྱིས་ཕྲུ་གུ་གསུམ་པོ་ཁ་ལ་ཉན་པོ་ཡོད་ལ་ཕ་མར་ཡང་སྲི་ཞུ་ཧུར་ཐག་བསྒྲུབས་ཀྱི་ཡོད། བུ་མོ་ཆེ་བ་ད་ཆ་ང་ཚོ་དང་མཉམ་དུ་འཚོ་བ་སྐྱེལ་བ་དང་ཁོ་མོ་མཐོ་རིམ་སློབ་འབྲིང་ཐོན་རྗེས་གྲོང་ཚོའི་ནང་ཚོང་ཙག་ཙིག་བརྒྱབ་ནས་བསྡད་པ་དང་ད་ཆ་ཁོ་མོར་ཡང་ཕྲུ་གུ་གཉིས་ཡོད། ཚ་བོ་ལོ་རིམ་དྲུག་པ་དང་ཚ་མོ་དམའ་རིམ་སློབ་འབྲིང་འགྲིམ་བཞིན་ཡོད། ཁྱིམ་ནང་གི་ལས་ཀ་མང་ཆེ་བ་བུ་མོ་ཆེ་བས་འགན་འཁུར་གྱི་ཡོད། སྐབས་དེ་དུས་བུའི་སློབ་སྦྱོང་སྦྱངས་འབྲས་ཕྲུ་གུ་གསུམ་གྱི་ཁྲོད་ནས་ཡག་ཤོས་ཡིན། བུ་དམའ་རིམ་སློབ་འབྲིང་དང་། མཐོ་རིམ་སློབ་འབྲིང་། སློབ་ཆེན་བཅས་ནང་སར་སློབ་སྦྱོང་དུ་ཕྱིན་ནས་ཁྱིམ་ཚང་གི་དཔལ་འབྱོར་ཁུར་པོ་ཡང་དུ་གཏོང་ཆེད་ལོ་10ཡི་རིང་ཁྱིམ་དུ་ཐེངས་གཉིས་ལས་ལོག་མྱོང་མེད། བུ་སློབ་གྲྭ་ཐོན་རྗེས་ལྷ་སར་གཞུང་ལས་པའི་ཡིག་རྒྱུགས་ནང་ཞུགས་ནས་རྒྱུགས་འཕྲོད་དེ་རྒྱལ་ཁབ་ཀྱི་གཞུང་ལས་པ་ཞིག་ཏུ་གྱུར། ད་ཆ་བུ་ཁྱིམ་ཚང་ཟིན་ནས་གཟའ་འཁོར་རེར་ང་གཉིས་ལྷ་སར་ཁྲིད་དེ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་གྱི་ཡོད་ཅེས་བཤད།

    དབང་འདུས་ཀྱིས་འཛུམ་དམུལ་དམུལ་ངང“ངའི་ཕྲུ་གུ་གསུམ་ཀ་ཁ་ལ་ཉན་པོ་ཡོད། ལོ་གསར་གཏོང་རིམ་བཞིན་བུས་ང་ལ་གྱོན་གོས་གསར་པ་ཉོ་གི་ཡོད། ང་ལས་བྱར་སྡོད་སྐབས་འཁྱག་ཡོང་བསམ་ནས་བུས་སྟོད་ཐུང་མཐུག་པོ་ཞིག་ཉོས་འདུག བུ་མོ་ཆེ་བས་ཁྱིམ་ནང་ཁྱིམ་ཆས་གསར་པ་ཉོས་པ་མ་ཟད། ང་ལ་ད་དུང་དྲོད་སྲུང་གྱོན་གོས་ཀྱང་ཉོས་འདུག བུ་མོས་ཉོས་པའི་དྲོད་སྲུང་གྱོན་གོས་གྱོན་རྒྱུ་བྱུང་བས་ན་ནིང་གི་དགུན་ཁ་དྲོ་སོབ་སོབ་བྱུང”ཞེས་བཤད།

    གསར་འགོད་པས་དབང་འདུས་ལ་ཚེ་འདིར་རང་ཉིད་ལ་ཕྲུ་གུ་མེད་པས་བློ་ཕམ་པོ་འདུག་གམ་ཞེས་འདྲི་སྐབས། དབང་འདུས་ཀྱིས“ང་གཉིས་བཟའ་ཚོར་ཕྲུ་གུ་བྱུང་མེད་རུང་། ང་གཉིས་ཀྱིས་གསོས་པའི་ཕྲུ་གུ་གསུམ་ཕྲུ་གུ་ངོ་མ་ལྟར་ང་གཉིས་ལ་བརྩེ་བ་ཆེ་བས་བློ་ཕམ་མི་འདུག”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།