རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་ཚེས་4ཉིན་ཡོངས་བསྒྲགས་བྱས་པའི་2017ལོའི་དྭངས་གསལ་དུས་ཚིགས་ཀྱི་ངལ་གསོའི་རིང་གི་ཡུལ་སྐོར་ཁྲོམ་རའི་ཆ་འཕྲིན་ཐོག་ནས་མངོན་པར་གཞིགས་ན། 2017ལོའི་དྭངས་གསལ་དུས་ཚིགས་ཀྱི་ངལ་གསོའི་རིང་རྒྱལ་ཡོངས་ཀྱི་ཡུལ་སྐོར་ཁྲོམ་རའི་འཁོར་རྒྱུག་བརྟན་ལ་སྒྲིག་ལམ་ཡག་པས་བདེ་འཇགས་དང་འབྲེལ་བ་ཡོད་པའི་དོན་རྐྱེན་ཚབས་ཆེན་གཅིག་ཀྱང་ཐོན་མེད་པ་རེད། དཔྱིད་ཀ་ཤར་ནས་གནམ་གཤིས་དྲོ་རུ་ཕྱིན་པ་དང་བསྟུན་ནས་རྒྱ་ཆེའི་གྲོང་མི་ཚོ་རང་ཁྱིམ་ནས་དོན་ཏེ་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་ལྟ་སྐོར་བྱེད་པར་གཅིག་རྗེས་གཉིས་མཐུད་ངང་སྐྱོད་ཀྱི་ཡོད་པས་ངལ་གསོའི་རིང་གི་ཡུལ་སྐོར་ཁྲོམ་རའི་མཁོ་སྤྲོད་གྲ་རྒྱས་པོ་ཡོད་པ་རེད།
རྒྱལ་ཁབ་ཡུལ་སྐོར་ཅུས་གྲངས་གཞི་ལྟེ་གནས་ཀྱི་ཕྱོགས་བསྡུས་ཚོད་རྩིས་ལྟར་ན། ངལ་གསོའི་རིང་རྒྱལ་ཡོངས་ཀྱི་ཡུལ་སྐོར་ཁྲོམ་རས་ཁྱོན་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར་0.93ལ་སྣེ་ལེན་ཞུས་པར་ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར་390བྱུང་ཡོད་པ་རེད།
ཡུལ་སྐོར་དྲ་བའི་ཐོག་ཚེས་4ཉིན་ཡོངས་བསྒྲགས་བྱས་པའི་གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན། “ངལ་གསོ་མཉམ་སྣོན”བྱས་ནས་མངའ་ཁོངས་ཕྱིར་ཡུལ་སྐོར་ལ་སྐྱོད་མཁན་མང་དུ་འགྲོ་རྒྱུར་སྐུལ་འདེད་བཏང་བ་དང་། ལས་སྟེགས་དེར་སྔོན་མངགས་བྱས་པའི་ཡུལ་སྐོར་བའི་ཁྲོད་བཅུ་ཆ་གཉིས་ཀྱིས་དྭངས་གསལ་དུས་ཚིགས་ཀྱི་ངལ་གསོ་ཉིན་3གྱི་སྟེང་ངལ་གསོ་གཞན་དག་མཉམ་དུ་བསྣན་ནས་ཉིན་8རིང་གི་མངའ་ཁོངས་ཕྱིར་ཡུལ་སྐོར་བྱེད་པའི་གདམ་ག་བྱེད་ཀྱི་ཡོད་པ་རེད།