དབུ་ཤོག>གསར་འགྱུར།
  • ཁ་བ་བུ་ཡུག་ཁྲོད་དུ་དྲོ་སྐྱིད་སྦྱིན་མཁན་སྤྱི་བདེའི་ཉེན་རྟོག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-03-24

    དཔྱིད་ཀ་ཤར་ཚུན། ཉིན་ཤས་བསྟུད་མར་གངས་ཆེན་པོ་བབས་ཏེ་རྒྱལ་ལམ་318ཀྱི་རྒྱ་ཤིང་ནས་སུམ་མདོ་བར་གྱི་ལམ་དུམ་བུར་གངས་གསོག་ཐེབས་ནས་དོན་རྐྱེན་ཐོན་ཉེན་ཆེ་བས་འགྲོ་ལམ་གྱི་འགྲིམ་འགྲུལ་བདེ་འཇགས་ལ་མངོན་མེད་རྐྱེན་ངན་ཆེན་པོ་བཟོས་ཡོད།

    ཁ་བའི་འདབ་མ་ལྷབ་ལྷུབ་ཏུ་འབབ་པའི་ཁྲོད་དུ་ལུས་ལ་ཉེན་རྟོག་པའི་ལས་གོས་སྔོ་ནག་གྱོན་པའི་མི་ཁྱུ་ཞིག་གིས་ཉེན་ཁར་མ་འཛེམས་པར་གཞན་ལ་རོགས་རམ་བྱེད་པ་དང་ལམ་སྟོན་སྒྲོན་མེ་ཇི་བཞིན་འགྲུལ་བཞུད་པ་ཚོའི་བདེ་འཇགས་འགན་ལེན་བྱེད་བཞིན་ཡོད།

    “བར་ལའི་རི་གཤམ་དུ་རླངས་འཁོར་ཞིག་ལམ་འགྲམ་གྱི་ཆུ་ཡུར་དུ་ལྷུངས་འདུག ཁ་ལོ་བ་རླངས་འཁོར་ནས་འབབ་མ་ཐུབ་པ་མ་ཟད་རླངས་འཁོར་ལའང་སྐྱོན་ཆག་བྱུང་འདུག ལམ་སེང་མི་བཏང་ནས་རོགས་རམ་གནང་རོགས” “ཤེས་སོང་། ལམ་སེང་མི་གཏོང་གི་ཡིན”ཞེས་ཀོང་པོ་རྒྱ་མདའ་རྫོང་སྤྱི་བདེ་ཅུས་110བཀོད་འདོམས་ལྟེ་གནས་ཀྱི་ལས་རེས་མི་སྣར་ཉེན་རྟོག་པ་གཏོང་དགོས་པའི་རེ་ཞུ་འབྱོར་རྗེས། སུམ་མདོ་རིམ་གཉིས་སྤྱི་བདེ་ཞིབ་བཤེར་ས་ཚིགས་སུ་ལས་བྱར་སྡོད་བཞིན་པའི་ཅུས་དེའི་ཏང་ཨུད་ཀྱི་ཨུ་ཡོན་སྐལ་བཟང་ཆོས་འཕེལ་གྱིས་འཕྲལ་དུ་ལས་རེས་མི་དམངས་ཉེན་རྟོག་པ་མགོན་པོ་རྡོ་རྗེ་དང་། དོན་གྲུབ་རྒྱལ་པོ། ལས་རོགས་ཉེན་རྟོག་པ་དོན་གྲུབ་བཅས་ཁྲིད་དེ་གནས་ཚུལ་ཐོན་ཡུལ་དུ་རོགས་རམ་བྱེད་པར་བསྐྱོད།

    གངས་གསོག་ཆེན་པོ་ཐེབས་པ་མ་ཟད། འཁྱག་པའང་ཐེབས་ཡོད་སྟབས་ཁོང་ཚོའི་རླངས་འཁོར་གནས་ཚུལ་ཐོན་སར་མ་འབྱོར་གོང་གི་སྤྱི་ལེ་གཅིག་ཙམ་གྱི་སར་ལུས། དེར་བརྟེན་ཚང་མས་འཕྲལ་སྡོམ་དངོས་རྫས་སྒལ་པར་ཁུར་ནས་རྐང་ཐང་དུ་འགྲོ་རྒྱུ་ལས་མ་འདས། ཁ་བ་བུ་ཡུག་ལ་མ་འཛེམས་པར་དཀའ་ཚེགས་ཆེན་པོས་རྐང་ཐང་དུ་སྐར་མ་བཅུ་ལྷག་བསྐྱོད་རྗེས་ཆུ་ཡུར་དུ་ལྷུངས་པའི་རླངས་འཁོར་དེ་གཞི་ནས་མཐོང་།

    སྐལ་བཟང་ཆོས་འཕེལ་གྱིས་སྔོན་ལ་ཁ་ལོ་བ་སྡོད་སར་འཛེགས་ཏེ་སྒོ་ཕྱེ་བ་དང་ཁ་ལོ་བའི་དཔུང་པར་ཅག་ཅག་བཏང་སྟེ“གྲོགས་པོ། རྨས་སྐྱོན་ཕོག་བྱུང་ངམ”ཞེས་དྲིས།

    ངོ་གདོང་ཐལ་མདོག་ཏུ་གྱུར་པའི་ཁ་ལོ་བས་མིག་ཟུང་ག་ལེར་གདངས་བཞིན་མགོ་བོ་གཡུག་ཙམ་བྱས། གནས་ཚུལ་དེ་མཐོང་འཕྲལ་ཚང་མས་ཁ་ལོ་བ་རླངས་འཁོར་ནས་བཏོན་རྗེས་ལམ་བར་དུ་རེས་མོས་ཀྱིས་ཁ་ལོ་བ་དེ་སྒལ་པར་ཁུར་ཏེ་སྨན་ཁང་དུ་བསྐྱལ།

    ཉིན་ཞིག་གི་དགོང་མོ། ལས་རེས་མི་དམངས་ཉེན་རྟོག་པ་རྣམས་དགོང་ཟས་ཟ་བཞིན་པའི་སྐབས། སྒོ་ཤུགས་ཆེན་རྡུང་བའི་སྒྲ་ཞིག་ཐོག་ནས་ཚང་མ་ལྟོ་ཆས་ཟ་མཚམས་བཞག

    སྒོའི་འགྲམ་དུ་བསྡད་ཡོད་པའི་མགོན་པོ་རྡོ་རྗེས་འཕྲལ་དུ་སྒོ་ཕྱེ་བས་ན། སྒོ་རྡུང་མཁན་ནི་ཡུལ་སྐོར་བ་འདྲ་བའི་མི་5ཡིན་པ་ཤེས་འཕྲལ། ཁོང་ཚོས་དེ་དག་ནང་དུ་བསུས། “སྡོད་དང་། མེ་སྲོས་དང”ཞེས་སྐལ་བཟང་ཆོས་འཕེལ་གྱིས་ཤོད་བཞིན་དུ་ཁོང་ཚོར་ཆུ་འཁོལ་བླུགས།

    ཅི་འཕྲོས་མོལ་གྲོས་བྱས་རྗེས། མི་5པོ་དེ་དག་ཁྲུང་ཆིང་ནས་བོད་དུ་ཡུལ་སྐོར་ལ་ཡོང་བ་ཞིག་ཡིན་པ་དང་། སུམ་མདོར་སླེབས་སྐབས་གངས་ཆེན་པོ་བབས་ནས་ལམ་འགག་པས་ཆ་རྒྱུས་ད་རྒྱུས་མེད་པའི་ཁོང་ཚོར་གནས་ཚང་གཡར་ས་མ་རྙེད། ས་རུབ་ཁའི་མཚམས་སུ་ཁོང་ཚོས་ཞིབ་བཤེར་ས་ཚིགས་ཀྱི་སྒོ་བརྡུངས་ནས་མི་དམངས་ཉེན་རྟོག་པར་རོགས་རམ་གནང་རོགས་ཞུ་དགོས་བྱུང་བ་མི་དམངས་ཉེན་རྟོག་པས་གཞི་ནས་ཤེས།

    གྲོས་བསྡུར་བྱས་པ་བརྒྱུད། ཚང་མས་སྡོད་བྱ་ཁང་གི་ཉལ་ཁྲི་5ཚང་མར་ཡུལ་སྐོར་བ་དེ་དག་ཉལ་དུ་འཇུག་རྒྱུའི་ཐག་བཅད།

    ཉིན་གཉིས་པའི་ཞོགས་པར། ཐོན་ཉེར་ཡོད་པའི་ཡུལ་སྐོར་བ་དེ་དག་གིས་མི་དམངས་ཉེན་རྟོག་པར་ཐུགས་རྗེ་ཆེ་ཡང་ཡང་ཞུས་ཤིང་། སྐལ་བཟང་ཆོས་འཕེལ་གྱིས“ང་ཚོ་མི་དམངས་ཉེན་རྟོག་པ་ཡིན་པས་དམངས་ལ་ཞབས་འདེགས་ཞུ་རྒྱུ་ནི་ང་ཚོའི་འགན་འཁྲི་རེད”ཅེས་བཤད། ཁོང་གི་སྐད་ཆ་དེ་ལས་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་དམངས་ལ་ལས་དོན་སྒྲུབ་པ་དང་དམངས་ལ་དགའ་ཞེན་བྱེད་པའི་བརྩེ་བ་ཟབ་མོ་མངོན་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།