དབུ་ཤོག>གསར་འགྱུར།
  • ཀྲུང་ཨུ་ནི་རོགས་ཟླ་གལ་ཆེན་ཡིན་པས་ཐ་སི་གསར་འགྱུར་ཁང་གིས་ཚོགས་འདུ་གཉིས་ལ་ཚད་མཐོའི་དོ་ཁུར་བྱེད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཧྥན་ཝུའེ་གོ་དང་ཝུའེ་ལེང་ལེ།   |     སྤེལ་དུས།  2017-03-08

    “ཐ་སི་གསར་འགྱུར་ཁང་གིས་ཀྲུང་གོའི་ཚོགས་འདུ་གཉིས་ལ་ཚད་མཐོའི་དོ་ཁུར་བྱེད་ཀྱི་ཡོད། གང་ཡིན་ཞེ་ན། ཀྲུང་གོ་ནི་ཨུ་རུ་སུའི་ངོས་ནས་བརྗོད་ན་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན། ཀྲུང་ཨུ་ནི་མཛའ་གྲོགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླ་ཞིག་ཀྱང་རེད”ཅེས་ཨུ་རུ་སུའི་རྒྱལ་ཁབ་འཕྲིན་གཏོང་ཁང་ཐ་སི་གསར་འགྱུར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་མ་ལ་ཐེ·ཨ་པུར་ཧ་ཅིན་གྱིས་ཚེས་3ཉིན་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་སྐབས་དེ་ལྟར་བཤད།

    ཨ་པུར་ཧ་ཅིན་ནི་ཀྲུང་གོའི་གནད་དོན་གྱི་རིགས་གཅིག་མཁས་ཅན་ཞིག་ཀྱང་ཡིན་ཞིང་། ཁོང་གིས་ཨུ་ཀྲུང་རྒྱལ་ཁབ་གཉིས་ལ་རྒྱ་ཁྱབ་ཀྱི་ཆབ་སྲིད་དང་དཔལ་འབྱོར་གྱི་འབྲེལ་བ་ལྡན་ཡོད། ཚོགས་འདུ་གཉིས་ཀྱིས་དཔལ་འབྱོར་གྱི་གྲོས་གཞི་གལ་ཆེན་ལ་གྲོས་བསྡུར་བྱ་རྒྱུ་ཡིན་པ་དེ་ནི། ཨུ་རུ་སུས་དོ་ཁུར་བྱེད་པའི་གཙོ་གནད་ཀྱི་གྲས་ཤིག་རེད། ཨུ་རུ་སུའི་ཁེ་ལས་ཀྱིས་ཀྲུང་གོ་དང་དེ་བས་མཉམ་ལས་མང་པོ་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ལ། ཨུ་རུ་སུས་ཀྱང་ཀྲུང་གོ་བ་དེ་བས་མང་བ་ཨུ་རུ་སུར་ཡུལ་སྐོར་དུ་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བཤད།

    ཨ་པུར་ཧ་ཅིན་གྱིས་ཐ་སི་གསར་འགྱུར་ཁང་གིས་ཀྲུང་གོའི་ཚོགས་འདུ་གཉིས་ཀྱི་གསར་འགྱུར་སྤེལ་རྒྱུར་སྔ་ཕྱི་བར་གསུམ་དུ་མཐོང་ཆེན་བྱེད་ཀྱི་ཡོད། འདི་ལོའི་ཚོགས་འདུ་གཉིས་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན། འདི་ལོ་ཀྲུང་གོ་གུང་ཁྲན་ཏང་གིས་ཚོགས་ཆེན་བཅུ་དགུ་པ་འཚོག་རྒྱུ་རེད། དེ་ནི་ཐ་སི་གསར་འགྱུར་ཁང་གི་ངོས་ནས་བརྗོད་ན་ཧ་ཅང་གལ་འགངས་ཆེ་བའི་དོན་ཆེན་ཞིག་རེད། ཚོགས་འདུ་གཉིས་ལ་དོ་ཁུར་བྱེད་པ་དེས། ཐ་སི་གསར་འགྱུར་ཁང་གིས་དེ་བས་ལེགས་པའི་སྒོ་ནས་ལོ་ཧྲིལ་པོའི་ཀྲུང་གོའི་སྐོར་གྱི་གསར་འགྱུར་ལེགས་པར་སྤེལ་རྒྱུར་ཕན་ཐོགས་ཡོད། གཞན་ཡང་དེང་སྐབས་འཛམ་གླིང་གི་འཕེལ་རྒྱས་ལ་གཏན་འཁེལ་མེད་པའི་གནས་ཚུལ་ཁ་ཤས་འཕྲད་པ་དང་རྒྱལ་སྤྱིའི་ཐོག་ཀྲུང་གོས་བཏོན་པའི་ཤུགས་རྐྱེན་ནུས་པ་ཆེ་རུ་འགྲོ་བས། ཐ་སི་གསར་འགྱུར་ཁང་གིས་ཚོགས་འདུ་གཉིས་ཀྱི་ནང་བཏོན་པའི་ཀྲུང་གོའི་ཕྱི་འབྲེལ་སྲིད་ཇུས་ཀྱི་འགྲོ་ཕྱོགས་ལ་དོ་ཁུར་བྱ་རྒྱུ་ཡིན་ཞེས་བཤད།

    ཨ་པུར་ཧ་ཅིན་གྱིས་འདི་ལོ་ཀྲུང་གོས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་གཙོ་གཉེར་བྱ་རྒྱུ་དང་འབྲེལ་འབོ་གསེར་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་བཞེས་རྒྱུ་མ་ཟད། ཨ་ཀྲུང་རྒྱལ་ཁབ་གཉིས་ནི་ད་དུང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མི་གལ་ཆེན་ཡང་ཡིན། ཨུ་རུ་སུས་མཉམ་ལས་སྒྲོམ་གཞི་དེ་དག་འོག་ཀྲུང་གོ་དང་མཉམ་ལས་དམ་ཟབ་བྱས་ཏེ་ཨ་ཀྲུང་ཕྱོགས་གཉིས་པོ་དང་དེ་བཞིན་རོགས་ཟླའི་རྒྱལ་ཁབ་ཁག་དབར་གྱི་གཉིས་ཕན་མཉམ་ལས་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་ས་ཁུལ་དང་འཛམ་གླིང་བརྟན་ལྷིང་དང་གྲ་རྒྱས་ཡོང་ཆེད་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བཤད།

    ཨུ་རུ་སུའི་སྨྱན་སྦྱོར་ནང་ཐ་སི་གསར་འགྱུར་ཁང་ནི་ཀྲུང་གོར་གསར་འགོད་པ་གཏོང་མཁན་མང་ཤོས་ཤིག་ཡིན་ཞིང་། ཨ་པུར་ཧ་ཅིན་གྱིས་འདི་ལོ་པེ་ཅིང་དང་། ཧྲང་ཧའེ། ཤང་ཀང་། སིང་ཀ་ཕོར་སོགས་སུ་བཅའ་སྡོད་ཡན་ལག་གསར་འགྱུར་ཁང་གི་གསར་འགོད་པ་ཚང་མ་གཅིག་སྡུད་བྱས་པ་དང་འབྲེལ་མོ་སི་ཁོ་སྤྱི་ཁྱབ་པུས་ཆེད་མངགས་རྩོམ་སྒྲིག་པ་བཞི་གཏན་འཁེལ་བྱས་ཡོད་ལ་མདུན་ཕྱོགས་དང་རྒྱབ་ཕྱོགས་ཀྱི་ཁྱོན་མི་20ཙམ་གྱི་རྩོམ་འབྲིའི་སྟོབས་ཤུགས་ཀྱིས་གཞོགས་འདེགས་དམ་ཟབ་བྱས་ཏེ་དུས་ཐོག་ཏུ་ཀྲུང་གོའི་ཚོགས་འདུ་གཉིས་ཀྱི་གསར་འགྱུར་གཏོང་སྤེལ་བྱ་རྒྱུ་རེད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།