དབུ་ཤོག>གསར་འགྱུར།
  • བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་ཁྲིམས་འགལ་ངང་ཉོ་ཚོང་བྱེད་པར་རྡུང་རྡེག་གཏོང་རྒྱུར་ཤུཌ་སྣོན་རྒྱག་དགོས་པ་ཀྲུང་གོའི་སྐུ་ཚབ་ཀྱིས་འབོད་སྐུལ་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2017-03-08

    ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་སྐུ་ཚབ་ལིའུ་ཅེ་དབྱིས་རྒྱལ་ཁབ་ཁག་གིས་ངེས་པར་དུ་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་ཁྲིམས་འགལ་ངང་ཉོ་ཚོང་བྱེད་པར་རྡུང་རྡེག་གཏོང་རྒྱུར་མཐོང་ཆེན་བྱས་ཏེ་ཉེས་གསོག་གི་བྱེད་སྤྱོད་ཚབས་ཆེན་དེར་ཁྲིམས་གཅོད་མཐའ་གཅིག་ཏུ་གཏོང་དགོས་ཞེས་གསུངས།

    མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཚོགས་པའི་ཉིན་དེར“འཛམ་གླིང་གི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་ཉིན་མོའི”སྐོར་ལ་རིམ་པ་མཐོ་བའི་ཆེད་དོན་བགྲོ་གླེང་ཚོགས་འདུ་ཚོགས་ཤིང་། ལིའུ་ཅེ་དབྱིས་གཏམ་བཤད་གནང་སྐབས་རྒྱལ་ཁབ་ཁག་གིས་ངེས་པར་དུ་ཐོན་སྐྱེད་དང་། བྲིན་ཚོང་། ལྐོག་ཚོང་སོགས་ཀྱི་ལྷུ་ཚིགས་ཁག་ལ་ཁྲིམས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཕྱོགས་ཡོངས་ནས་རྡུང་རྡེག་གཏོང་བ་དང་ལྷག་པར་དུ་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་དྲ་ཐོག་ནས་ཁྲིམས་འགལ་ངང་ཉོ་ཚོང་བྱེད་མཚམས་གཅོད་རྒྱུར་མཐོང་ཆེན་བྱེད་དགོས་པ་དང་། ཉོ་ཚོང་མེད་ན་དམར་གསོད་མེད། རྒྱལ་ཁབ་ཁག་གིས་ངེས་པར་དུ་རྩད་གཅོད་ཕུགས་འདེད་བྱས་ནས་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་ལྐོག་རྔོན་རྒྱག་པ་དང་ཁྲིམས་འགལ་ངང་ཉོ་ཚོང་བྱེད་པའི་ཁྲོམ་རའི་སྐུལ་འདེད་མ་ལག་མེད་པ་བཟོ་དགོས་ཞེས་གསུངས།

    ལིའུ་ཅེ་དབྱིས་གསུངས་དོན། ལས་ཞུགས་གསར་གཏོད་དང་། དབུལ་ཕོངས་སེལ་བ། དམངས་འཚོ་ལེགས་གཏོང་བཅས་ངེས་པར་དུ་བྱས་ནས་ལྐོག་རྔོན་རྒྱག་པའི་སྣང་ཚུན་ཐོན་ཉུང་དུ་གཏོང་དགོས་པ་དང་། སོ་སོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་པ་དང་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་ལ་ཡུལ་སྐོར་སྤྲོ་གསེང་བྱེད་པ་སོགས་ཀྱི་བྱེད་སྟངས་འཚོལ་ཞིབ་བྱས་ནས་སོ་སོའི་རྒྱལ་ཁབ་ཀྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ལ་སྲུང་སྐྱོང་ནུས་ལྡན་དང་རྒྱུན་མཐུད་ཆོག་པའི་སྒོ་ནས་དོ་དམ་བྱེད་དགོས་པ། ངེས་པར་དུ་སྤྱི་དམངས་ལ་རྒྱ་ཁྱབ་ངང་སློབ་གསོ་བཏང་སྟེ་སྣོད་བཅུད་ཤེས་དཔལ་གྱི་འདུ་ཤེས་ཁྱབ་སྤེལ་བྱེད་པ་དང་སྤྱི་དམངས་ལ་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་ལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུར་ཁྲིད་སྟོན་བྱས་ནས་ཁྲིམས་འགལ་གྱི་ཉོ་ཚོང་བྱེད་སྤྱོད་རང་རྟོགས་ངང་བཀག་འགོག་བྱེད་དགོས་པ་བཅས་སོ།

    ཁོང་གིས་རྒྱལ་ཁབ་ཁག་གིས་ངེས་པར་དུ《སྟོངས་ལ་ཉེ་བའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་རིགས་ཀྱི་རྒྱལ་སྤྱིའི་ཉོ་ཚོང་སྤྱི་ཆིངས》དང་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་འབྲེལ་ཡོད་གྲོས་ཆོད་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་ལ་སྲུང་སྐྱོང་བྱེད་པའི་འོས་འགན་མཉམ་དུ་འཁུར་དགོས་པ་དང་། རྒྱལ་ཁབ་ཁག་གིས་ངེས་པར་དུ་རྒྱལ་སྤྱིའི་ཁྲིམས་འཛིན་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་ཁྲིམས་འགལ་ངང་ཉོ་ཚོང་བྱེད་པའི་དྲ་བ་རྩད་གཅོད་དང་བཀག་འགོག་ནུས་ལྡན་བྱེད་པའི་ཁར་མེད་པ་བཟོས་ནས་རྒྱལ་སྤྱིའི་ཁྲིམས་འགལ་ཉོ་ཚོང་འབྲེལ་ཐག་གཅོད་དགོས་པ། རྒྱལ་ཁབ་ཁག་གིས་ངེས་པར་དུ་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་ཁྲིམས་འགལ་ངང་ཉོ་ཚོང་དང་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་ལ་སྲུང་སྐྱོང་བྱེད་པའི་མཉམ་འབྲེལ་གསོ་སྦྱོང་དང་། ཆ་འཕྲིན་མཉམ་སྤྱོད། ཁྲིམས་འཛིན་མཉམ་ལས་བཅས་བྱེད་པ་དང་ཆབས་ཅིག་སྲིད་གཞུང་གི་སྒྲིག་གཞི་དང་། རྒྱལ་སྤྱིའི་རྩ་འཛུགས། སྒེར་གཉེར་སྡེ་ཚན་སོགས་དབར་མཉམ་ཤུགས་ཤིག་ཆགས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།