ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝ་ཧྲིང་ཐོན་ནས་གློག་འཕྲིན་འབྱོར་གསལ། ཚེས་4ཉིན་ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་ན་ནིང་གི་འདེམས་བསྐོ་ཆེ་མོའི་གོང་ཨོ་པ་མ་སྲིད་གཞུང་གིས་ལྐོག་ཉན་བྱས་མྱོང་ཞེས་བརྗོད་མོད། འོན་ཀྱང་གཏམ་བརྗོད་དེ་རིགས་ལ་ཨ་རིའི་ཙུང་ཐུང་ཟུར་པ་ཨོ་པ་མའི་མགྲིན་ཚབ་པས་ཁས་ལེན་བྱས་མེད།
ཐེ་རོན་ཕུས་ཉིན་དེའི་སྔ་ཙམ་གྱི་སྐབས་སྤྱི་ཚོགས་འབྲེལ་བའི་དྲ་ཚིགས་བརྒྱུད་ནས“(ངའི་འདེམས་བསྐོ་ཆེ་མོ)རྒྱལ་ཁ་མ་ཐོབ་གོང་ཨོ་པ་མས་ཐེ་རོན་ཕུའི་ཐོག་ཁང་དུ་ལྐོག་ཉན་བྱས་པ་ད་ལྟ་རང་ཤེས་བྱུང་། གང་ཡང་རྩད་ཆོད་བྱུང་མི་འདུག འདི་ནི་མའེ་ཁ་ཞིས་རིང་ལུགས་རེད”ཅེས་དང་། “འདི་ནི་ཉི་ཁེ་སུང་གི་ཆུ་སྒོའི་དོན་རྐྱེན་རེད”ཅེས་བཤད།
ཐེ་རོན་ཕུའི་ཤོད་སྟངས་ལ་དེ་མུར་ཨོ་པ་མའི་མགྲིན་ཚབ་པ་ཁའེ་ཝུན·ལིའུ་དབྱི་སིས་ངོ་རྒོལ་བྱས་པ་དང་། ཁོང་གིས་གསལ་བསྒྲགས་ཤིག་གི་ནང“ཨོ་པ་མ་སྲིད་གཞུང་གི་གཏན་འབེབས་གལ་ཆེན་གཅིག་ནི་ཕོ་བྲང་དཀར་པོའི་དཔོན་རིགས་ཀྱིས་ཁྲིམས་འཛིན་པུས་འགོ་ཁྲིད་བྱེད་པའི་རང་ཚུགས་བརྟག་དཔྱད་གང་རུང་ལ་ཐེ་ཇུས་གཏན་ནས་མི་བྱེད་པ་དེ་ཡིན”ཞེས་བརྗོད།
ཨ་རིའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར་ཕྱོགས་གཉིས་པོས་རང་ཕྱོགས་ཀྱི་ཤོད་སྟངས་ལ་དོན་དངོས་ཀྱི་གཞི་འཛིན་ས་བསྟན་མེད་པ་རེད།