བོད་ཀྱི་ལོ་གསར་འཆར་ཉེར་ཡོད་པས། ཁྱིམ་ཚང་ཚང་མར་གྲ་སྒྲིག་ལས་ཀ་འབོར་ཆེན་ཞིག་བྱེད་དགོས་ཀྱི་ཡོད། ཁ་རྒྱུན་དུའང་ལོ་གསར་མ་རེད་ལས་གསར་རེད་ཅེས་ཤོད་ཀྱི་ཡོད། དེའི་ནང་ནས་དུ་ཕྱིས་ལས་ཀ་ནི་དཀའ་ལས་ཆེ་ལ་རྙོག་དྲ་ཆེ་ཤོས་ཀྱི་གྲས་ཤིག་ཡིན། འདིར་དུ་ཕྱིས་བྱེད་སྐབས་ཕན་ཐོགས་ཡོང་བའི་ཐབས་འགའ་ངོ་སྤྲོད་ཞུ་རྒྱུ།
1.ཤེལ་སྒོ་ཕྱིས་སྟངས། སྔོན་ལ་དྲོད་ཏོག་ཙམ་ལྡན་པའི་ཨ་ཅོར་རློན་པས་ཤེལ་སྒོའི་ངོས་ཀྱི་བཙོག་པ་ཡོངས་ཕྱིས་དགོས་པ་དང་། དེ་ནས་ཆུའི་ནང་ཚུའུ་ཏོག་ཙམ་བླུགས་སྟེ་ཆུ་དེ་ཤེལ་སྒོའི་ངོས་ཡོངས་ལ་ཁྱབ་པ་བྱུགས་དགོས། དེ་རྗེས་ཚགས་པར་སྐམ་པོས་ཤེལ་སྒོའི་ངོས་ཀྱི་ཆུ་གཙང་མ་ཕྱིས་དགོས། ཐབས་དེ་སྤྱད་ནས་ཤེལ་སྒོའི་ཕྱི་ནང་ངོས་གཉིས་ཀ་ཕྱིས་ན་ཤེལ་སྒོ་གཙང་མ་ཡོང་ཐུབ།
2.ཁང་པའི་ནང་གི་དྲི་ངན་སེལ་དགོས་ན། ཧ་ཡང་ནང་ཚུའུ་སྐོལ་ནས་དེའི་རླངས་པ་ཁང་པའི་ནང་འཕྱུར་བ་བྱས་ན་དྲི་ངན་སེལ་ཐུབ། གཞན་ཡང་ཚ་ལུ་མའི་པགས་པ་མེ་རུ་སྲེག་པའམ་ཡང་ན་བསང་བཏང་ན་དྲི་ངན་སེལ་བའི་ནུས་པ་ལྡན།
3.སོ་ཕག་དཀར་རྩི་མ་གཙང་ཕྱིས་བརྒྱབ་སྟངས། སྔོན་ལ་བཙོག་པ་མང་བའི་ངོས་ལ་ཚྭ་གཏོར་ནས་རས་སྐམ་པོས་གང་མང་ཕྱིས་དགོས་པ་དང་། དེ་ནས་ཆུ་ཚ་པོའི་ནང་དག་ཕྱེ་ཏོག་ཙམ་བསྲེས་ནས་སོ་ཕག་དཀར་རྩི་ཕྱིས་ན་གཙང་མ་ཡོང་ཐུབ།
4.ཟངས་ཆས་ཀྱི་དྲེག་པ་གཙང་སེལ་བྱེད་ཐབས། ཟངས་ཆས་ལ་དྲེག་པ་འཁོར་ན། ཚུའུ་ཕོར་པ་ཕྱེད་ཀ་ལྷག་ཙམ་དང་གྲོ་ཞིབ་ཕོར་པ་ཕྱེད་ཀ་ལྷག་ཙམ་འདྲེས་སྦྱོར་བྱས་ཏེ་སྐྱོ་མ་བཟོས་རྗེས། ཚྭ་ཕོར་པ་ཕྱེད་ཀ་དེའི་ནང་བླུགས་ནས་མུ་མཐུད་དཀྲུག་དཀྲུག་གཏོང་དགོས། དེ་ནས་སྐྱོ་མ་དེ་ཟངས་ཆས་ཀྱི་དྲེག་པར་བྱུགས་ཏེ་ཆུ་ཚོད་ཁ་ཤས་བཞག་རྗེས། ཟངས་ཆས་ལ་འབྱར་བའི་གྲོ་ཞིབ་གཙང་སེལ་བྱས་ན་འགྲིག ཟངས་ཆས་ལ་གཡའ་འཁོར་སྐབས་ཚྭ་ཆུ་བྱུགས་ནས་འཕྱིས་ན་དག་གི་ཡོད།
5.ཁྲོ་ཡི་ཐབ་ཆས་གཙང་སེལ་བྱེད་ཐབས། ཁྲོ་ཡི་ཐབ་ཆས་གཙང་མ་ཡོང་བ་བྱེད་དགོས་ན། ཚྭ་འགྱིག་སོབ་ལ་བྱུགས་ནས་ཁྲོ་ཡི་ངོས་ལ་ཤུགས་ཀྱིས་འཕུར་ན་གཙང་དག་ཡོང་།
6.ཐབ་ཚང་སྒེའུ་ཁུང་སེང་ཁྲའི་ཐོག་གི་ཞག་སྙིགས་དག་ཐབས། ཐབ་ཚང་སྒེའུ་ཁུང་གི་སེང་ཁྲའི་ཐོག་ཞག་སྙིགས་མང་པོ་ཡོད་ན། དག་ཕྱེ་དང་ཐ་མག་ཕྲུག་ལྷག་ཆུའི་ནང་སྦངས་ནས་ཕན་ཚུན་འདྲེས་རྗེས་ཞག་སྙིགས་མང་བའི་སེང་ཁྲའི་ཐོག་ཕུར་ན་གཙང་དག་ཡོང་ཐུབ།