
འབྲས་ཐུག་ནི་ཀུན་གྱིས་ཤེས་གསལ་ཡིན་མོད་རྒྱ་སྲོལ་བོད་སྲོལ་གྱི་འབྲས་ཐུག་བསྐོལ་སྟངས་ཁྱད་པར་ཆེ་ཤོས་ནི། རྒྱ་སྲོལ་ཕལ་ཆེར་ཚྭ་མི་བཏབ་པར་ཚལ་རིགས་དང་འབྲུ་རིགས་སྣ་ཚོགས་བསྲེས་པའི་གོམས་གཤིས་ཀྱི་སྟེང་། དེར་ཕན་ཡོན་ཡང་མང་པོ་བརྗོད་རྒྱུ་འདུག འུ་ཅག་བོད་སྲོལ་གྱི་འབྲས་ཐུག་བསྐོལ་སྟངས་ཤས་ཆེ་བར་ཚྭ་བཏབ་པས་མ་ཚད་ཚགས་ཤའམ་ཤ་ཁུ་མཉམ་དུ་བསྐོལ་བ་དེ་ལ་ཡང་དམིགས་གསལ་གྱི་རོ་བཅུད་ལྡན་ཡོད། བོད་ལུགས་གསོ་རིག་གི་གཞུང་ལུགས་ནང་དུ་འཁོད་པའི་འབྲས་ཐུག་གི་ཕན་ཡོན་ནི།
1. འབྲས་ཀྱི་ཐུག་པ་གར་པོ་ཡིད་དུ་འོང་ཞེས་ཟས་སུ་བསྟེན་སླ་བ་དང་། འཁྲུ་བ་གཅོད་ཅེས་བཤལ་ནད་འགོག་པ། སྐོམ་པ་སེལ་བ་ཡིན་ནོ།།
2. འབྲས་ཐུག་སླ་བ་འཇུ་བདེ་ཞིང་སྐོམ་པ་དང་ལུས་ཉོབ་པ་སེལ། ལུས་ཟུངས་སྙོམས་པ་དང་དྲོད་བསྐྱེད། རྩ་སྦུབས་མཉེན་པར་བྱེད།།
3. འབྲས་ཐུག་སྐ་བས་དྲོད་བསྐྱེད། ནད་འཇུ་བར་བྱེད། བཀྲེས་སྐོམ་དང་ལུས་ཉམ་ཆུང་བ། རྨྱ་བ་ཞེས་ཐང་ཆད་པ། དྲི་མ་འགག་པ་བཅས་སེལ་བའི་ནུས་པ་ལྡན་ནོ།།