སྡེ་ཁུལ་ནང་སྡོད་མཁན་སྒོ་ནས་མ་ཐོན་གོང་ཁོང་ཚོས་གད་སྙིགས་བསྡུ་བ་དང་། ལས་ཀར་བསྐྱོད་རྗེས་བར་ཁྱམས་ལ་གད་ཕྱིས་རྒྱག་འགོ་འཛུགས་པ། དགུན་ཁ་འཆར་ཉེར་ཡོད་པའི་སྐབས་སུ་སྡོང་པོར་དཀར་རག་བྱུག་པ་དང་ཆུ་ཀ་ལའི་ཆུ་ཚོད་ལ་འཐུམ་རྒྱག་པ། དབྱར་ཀ་འཆར་སྐབས་མེ་ཏོག་དང་ཤིང་ལ་ཆུ་རྒྱག་པ་དང་ཡལ་ཤུར་རྒྱག་པ། ཆུ་མདོང་འཕྲལ་དུ་ཉམས་བཟོ་བྱེད་པ། གློག་ཆད་པའི་སྐབས་སུ་གློག་སྐས་ནང་མི་ཡོད་མེད་སྐོར་ཞིབ་བྱེད་པ། ལམ་བར་དུ་འགྲོ་སྐབས་ཤོག་བུ་དང་ཐ་མག་རོ་ཏོ་མཐོང་ཚེ་འཕྲལ་མར་བསྒྲུགས་པ་སོགས་བྱེད་ཀྱི་ཡོད། ཁོང་ཚོ་ནི་སྡེ་ཁུལ་གྱི་སྡེ་ལས་དོ་དམ་པ་ཚོ་ཡིན། སྡེ་ཁུལ་གཙང་སྦྲ་ལྡན་པ་དང་དུས་བདེ་ཞོད་འཇགས་ཡོང་ཆེད། ཁོང་ཚོས་དུས་དང་རྣམ་པ་ཀུན་ཏུ་སྐད་གྲགས་མེད་པར་བྱ་བ་ཆུང་ཙག་དེ་དག་བསྒྲུབས་ཏེ་སྡེ་ཁུལ་རང་ཉིད་ཀྱི་ཁྱིམ་ཚང་ལྟ་བུར་བརྩིས་ནས་ནུས་ཤུགས་ཡོད་རྒུས་ཁྱིམ་ཚང་དེར་དོ་དམ་དང་གཅེས་སྤྲས་བྱེད་ཀྱི་ཡོད།
སྒྲོལ་མ་སྐྱིད་ནི་བཀྲ་ཤིས་གནས་མཆོག་སྡེ་ལས་དོ་དམ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཡིན་ཞིང་། ཁོང་གིས་གསར་འགོད་པར“ང་ཚོའི་ཀུང་སིར་ད་ཆ་ཁྱོན་ལས་མི་51ཡོད་པའི་ནང་ཉི་འོད་གྲོང་གསར་སྡེ་ཁུལ་དུ་མི་45དང་གནས་མཆོག་ཉི་འོད་སྡེ་ཁུལ་དུ་མི་6ཡོད”ཅེས་བཤད་པ་དང་། སྒྲོལ་མ་སྐྱིད་ཀྱིས་གསར་འགོད་པར་གཙང་སྦྲ་དང་། སྐྱེད་ཚལ་སྔོ་འགྱུར། ལས་གྲྭ་སོགས་འབྲེལ་ཡོད་ལས་དོན་མི་སྣ་རེ་རེ་བཞིན་ངོ་སྤྲོད་བྱས་པ་མ་ཟད། ད་དུང“དེ་ནི་བློ་ཧ་ཅང་བདེ་བའི་ཚོགས་པ་ཞིག་རེད། མ་གཞི་སྟབས་བདེའི་ལས་ཀ་འགའ་ཞིག་བྱེད་ཀྱི་ཡོད། འོན་ཀྱང་ལས་ཀ་དེ་ཡག་པོ་བྱེད་ཐུབ་ན་དཔེ་མི་སྲིད་པ་ཞིག་རེད་སྙམ་གྱི་འདུག”ཅེས་བཤད།
ཝང་ཅན་ཧྭ་ནི་བཀྲ་ཤིས་གནས་མཆོག་སྡེ་ལས་དོ་དམ་ཚད་ཡོད་ཀུང་སིའི་ལས་གྲྭའི་སྤྱི་ཁྱབ་ལྟ་ཞིབ་པ་ཡིན་པ་དང་། ཁོང་གིས་ལས་གྲྭའི་སྤྱི་ཁྱབ་ལྟ་ཞིབ་པ་ནི་དོན་དངོས་ཐོག་བྱ་བ་ཆེ་ཆུང་ཚང་མའི་འགན་འཁུར་དགོས་ཀྱི་ཡོད་ཅེས་བཤད། ཉིན་ལྟར་ཞོགས་པ་ཆུ་ཚོད་8པར་ཝང་ཅན་ཧྭ་ཡིས་སྔོན་ལ་སྡེ་ཁུལ་དུ་སྐོར་ཞིབ་ཐེངས་གཅིག་བྱས་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཡོད་མེད་གཏན་འཁེལ་བྱེད་པ་དང་། དེ་རྗེས་གློག་སྐས་དང་ཆུ་གློག་སོགས་ཐད་གནད་དོན་ཡོད་ན་དུས་ཐོག་ཏུ་ཐག་གཅོད་བྱེད་ཀྱི་ཡོད།
ཝང་ཅན་ཧྭ་ཡིས་གསར་འགོད་པར“ང་རང་ནི་ཉི་འོད་གྲོང་གསར་སྡེ་ཁུལ་ཐོག་མར་སྐྲུན་པའི་སྐབས་སུ་དེ་གར་སླེབས་པ་ཞིག་ཡིན། ད་བར་ལོ་10ལྷག་ཙམ་སོང་། ངས་སྔ་ས་ནས་ཀུང་སི་རང་ཉིད་ཀྱི་ཁྱིམ་ཚང་ལྟ་བུར་བརྩི་གི་ཡོད”ཅེས་བཤད་པ་དང་། ཏུང་ཧྲི་ཀྲང་སྒྲོལ་མ་སྐྱིད་ཀྱིས“ཝང་ཅན་ཧྭ་ནི་ཧྲན་ཏུང་བ་ཡིན་པ་དང་། ང་ཚོའི་ཀུང་སིའི་རྒྱ་རིགས་བློ་མཐུན་འབའ་ཞིག་དེ་རེད”ང་རང་མ་བསྡད་པའི་སྐབས་སུ་ཁོང་གིས་འགན་འཁུར་གྱི་ཡོད་པས་བློ་ཧ་ཅང་བདེ་པོ་འདུག གང་ལགས་ཤེ་ན། ཁོང་ལས་ཀར་འགན་ཧ་ཅང་ཆེན་པོ་འཁུར་མཁན་ཞིག་རེད་ཅེས་ངོ་སྤྲོད་བྱས།
ཝང་ཅན་ཧྭ་ཡིས་དཔྱིད་གསར་དུས་ཆེན་སྐབས་ཕ་ཡུལ་དུ་ལོག་པ་ཕུད། དེ་མིན་གྱི་དུས་ཚོད་ཚང་མ་ལས་གནས་བརྟན་སྲུང་བྱེད་པར་སྤྱོད་ཀྱི་ཡོད། དོ་བདག་གིས་ཁ་པར་འབྱོར་ཚེ་སྤྱིར་བཏང་སྐར་མ་5ཡི་ནང་ཚུན་དུ་གནས་ཚུལ་ཐོན་ཡུལ་དུ་སྐྱོད་ཀྱི་ཡོད།