སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱི་ཕན་འབྲས་མངོན་གསལ་དོད་པ།
གོས་དར་ཞིག་དང་བསྔགས་བརྗོད་ཡི་གེ་ཞིག་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་འབྱོར་ཞིང་། དེ་ནི་ཧྲང་ཧའེ་སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་བྱིས་ནད་སྡེ་ཁག་གི་སྨན་པ་ཀྲང་ཅན་ལ་ཕུལ་བ་ཞིག་རེད།
གཟའ་མཇུག་དེར་བྱིས་ནད་སྡེ་ཁག་གི་ནད་གཡོག་དཔོན་ཡིན་པའི་བཟའ་ཟླས་ཐག་རིང་ས་ནས་ཁོང་ལ་ལྟ་བར་ཡོང་མོད། ཁོང་གིས་བཟའ་ཟླ་དང་མཉམ་དུ་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་བྱིས་ནད་སྡེ་ཁག་གི་སྨན་པར་བྱིས་ནད་སྡེ་ཁག་གི་རྨང་གཞིའི་ཚེ་སྲོག་སྐྱོབ་ཐབས་ཀྱི་གསོ་སྦྱོང་བྱས། གསོ་སྦྱོང་བྱེད་རིང་གློ་ཚད་ཚབས་ཆེན་ཕོག་པའི་བྱིས་པ་ཞིག་འཕྲད་པས་ཁོང་གཉིས་ཀྱིས་ཕྱར་བ་གྲུ་འདེགས་ངང་སྐྱོབ་གང་ཐུབ་བྱས། ཀྲང་ཅན་བཟའ་ཚོ་གསོལ་མགྲོན་ཁང་དུ་སླེབས་སྐབས་མི་ཞིག་ས་ལ་འགྱེལ་བ་མཐོང་འཕྲལ་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་རོགས་སྐྱོབ་བྱས།
ལོ་གཅིག་རིང་གཏམ་རྒྱུད་དེ་འདྲ་བས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་ལ་རིམ་བཞིན་རྒྱུས་མངའ་བྱུང་ཡོད།
ཀྲུང་དབྱང་རྩ་འཛུགས་པུའི་མཐུན་སྦྱོར་འོག་2015ལོའི་ཟླ་བརྒྱད་པར་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱིས་པེ་ཅིང་ཞེ་ཧོ་གསོ་རིག་སློབ་གླིང་དང་པེ་ཅིང་སློབ་ཆེན་སོགས་ཀྱི་ཞོར་གཏོགས་སྨན་ཁང་དང་དེ་བཞིན་པེ་ཅིང་དང་། ཧྲང་ཧའེ། ཨན་ཧུའེ། ཀོང་ཏུང་། ལེའོ་ཉིང་། ཧྲའན་ཤིས་བཅས་ཞིང་ཆེན་དང་གྲོང་ཁྱེར་7གྱི་ཀ་པ་རིམ་པ་གསུམ་པའི་སྨན་ཁང་ནས་རིགས་གཅིག་མཁས་ཅན་143མངགས་ནས“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་ཁག་དང་པོ་སྒྲིག་འཛུགས་བྱས་ཏེ་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་ས་ཁུལ་དང་གྲོང་ཁྱེར་བདུན་གྱི་མི་དམངས་སྨན་ཁང་ལ་ཁ་གཏད་རོགས་སྐྱོར་བྱས། 2016ལོའི་ཟླ་བརྒྱད་པར་ཁག་གཉིས་པའི་རིགས་གཅིག་མཁས་ཅན་179བོད་དུ་རོགས་སྐྱོར་བྱེད་པར་སླེབས།
ནང་སའི་སྨན་བཅོས་རུ་མི་300ལྷག་ཙམ་གྱིས་དཀའ་བ་དུ་མ་ཁྱད་བསད་ཀྱིས་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་ཏེ་ལོ་གཅིག་རིང་བོད་ཀྱི་ནད་པ་ཁྲི་གསུམ་ལ་སྨན་བཅོས་དང་གཤགས་བཅོས་སྣ་ཚོགས་5700ལྷག་ཙམ་བྱས་པ་དང་། ནད་པ་ཁྲི་1.2ལྷག་ཙམ་ལ་ལྷན་འཛོམས་ནད་དཔྱད་བྱས་པ་རེད། དེ་སྔའི་ཁ་ཐོར་ངང་གཏོང་བ་དང་བསྡུར་ན“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ནི་དེ་བས་ལུགས་དང་མཐུན་ལ་ཕན་འབྲས་ཀྱང་ཆེ་བ་ཡོད་པས། མཚོ་བོད་ས་མཐོར་ནམ་ཡང་ཕན་འབྲས་ཐོན་པའི་སྨན་བཅོས་རུ་ཁག་ཅིག་ཆགས་ཡོད།
ནད་བཅོས་སྲོག་སྐྱོབ་ཀྱིས་ནང་སའི་ཆུ་ཚད་མཐོ་བའི་སྨན་བཅོས་ཞབས་ཞུ་ས་མཐོའི་མི་སེར་གྱི་ཁྱིམ་དུ་ཁྱབ་པ།
ཟླ་8ཚེས་16ཉིན་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་ཕྱི་ནད་སྡེ་ཁག་གཉིས་པའི་ནད་ཁང་དུ་དགའ་སྤྲོའི་རྣམ་པས་ཁེངས་ཤིང་། ལོ་56ལ་སླེབས་པའི་འབྲོག་པ་ལྷ་མོ་བཟའ་ཟླའི་སྐྱོར་རོགས་འོག་དལ་བུར་ལངས་ཐུབ་པས་ནད་ཁང་ནང་ཐལ་མོའི་རྡེབ་སྒྲས་ཁེངས།
ཟླ་བདུན་པའི་ཟླ་མཇུག་ཏུ་འཇོ་མདའ་རྫོང་སྤོ་ལོ་ཤང་ནས་ཡིན་པའི་ལྷ་མོ་སྨན་ཁང་དུ་སྐྱེལ་སྐབས་མལ་སར་ལུས་ཡོད་ཅིང་། བརྟག་དཔྱད་བྱས་པ་བརྒྱུད་ལྷ་མོར་ཀླད་སྐྲན་ཕོག་ཡོད། སྐྲན་གྱི་ཚངས་ཐིག་ལི་སྨི་7ཙམ་ཟིན་གྱི་ཡོད་མོད། འོན་ཀྱང་ཆབ་མདོ་གྲོང་ཁྱེར་གྱི་ལོ་རྒྱུས་ཐོག་ཀླད་སྐྲན་གྱི་གཤགས་བཅོས་ཆེན་པོ་དེ་འདྲ་བྱེད་མྱོང་མེད་པ་རེད།
ཁྲུང་ཆིང་གྲོང་ཁྱེར་བོད་སྐྱོར་སྨན་བཅོས་རུ་ཁག་གི་སྡེ་ཁག་ཁག་གི་རིགས་གཅིག་མཁས་ཅན་དང་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྨན་པས་སྨན་ཁང་ཡོངས་སུ་ལྷན་འཛོམས་ནད་དཔྱད་བྱ་རྒྱུའི་གྲོས་བསྡུར་བྱས་ཏེ་གཤགས་བཅོས་མ་བྱས་གོང་དང་། བྱེད་རིང་། བྱས་རྗེས་བཅས་དང་དྲག་སྐྱེད་སོགས་ཐད་ཇུས་གཞི་མང་པོ་ཞིག་བཏིངས།
ཟླ་བརྒྱད་པའི་ཚེས་ལྔ་ཉིན་གྱི་ཆུ་ཚོད་བཅུ་པར་གཤགས་བཅོས་བྱེད་འགོ་ཚུགས། བོད་སྐྱོར་རུ་མི་སྦྲིད་སྨན་ཁོའོ་ཡི་ཀྲུའུ་རེན་ལེ་ཞའོ་ཧྥུང་གིས་སྦྲིད་སྨན་བརྒྱབ་པ་དང་སྨན་རམས་པ་ཀྲེང་རུང་གིས་གཤགས་བཅོས་བྱེད་མཁན་གཙོ་བོ་དང་སྨན་པ་ཀྲང་ཆིས་གཞོགས་འདེགས་བྱས། ཆུ་ཚོད་གསུམ་གྱི་རྗེས་སུ་ལྷ་མོའི་ཀླད་སྐྲན་བདེ་བླག་ངང་གཤགས་བཅོས་ཐུབ་ཡོད།
ནད་གཞི་དྲག་སྐྱེད་ཡོང་བཞིན་པའི་ལྷ་མོས་ཁ་ནས་མ་ཎི་འདོན་པ་བཞིན“ཏང་གི་སྨན་པ་ཡག་ལ་ཏང་གི་སྲིད་ཇུས་ཀྱང་ཡག”ཅེས་ཤོད་ཀྱི་ཡོད།
སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་བྱས་ཚུན། “ནད་ཆེན”དང“ནད་འབྲིང”སྨན་བཅོས་བྱེད་སྐབས་བོད་རང་སྐྱོང་ལྗོངས་དང་ས་ཁུལ་དང་གྲོང་ཁྱེར་ནས་ཐོན་དགོས་ཀྱི་མེད། རོགས་སྐྱོར་ཐོབ་པའི་སྨན་ཁང་བརྒྱད་ཀྱིས་ལས་སྒོ་གསར་པ་དང་ལག་རྩལ་གསར་པ་ཁག་348སྤེལ་ནས་ས་གནས་དེ་གར་མེད་པའི་སྨན་བཅོས་ཞབས་ཞུའི་སྟོང་ཆ་མང་པོ་བསྐངས་ཡོད། ལྗོངས་ཡོངས་སུ་སྦྲུམ་མ་དང་ཕྲུ་གུ་སྐྱེས་མ་ཐག་གི་སྐྱེད་མ་ཤི་ཚད་དང་ཕྲུ་གུ་དམར་འབྱར་ཤི་ཚད་དམའ་རུ་དང་སྨན་ཁང་དུ་ཕྲུ་གུ་སྐྱེས་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་ཁྱིམ་གྱི་སྒོ་རྩ་ནས་ནང་སའི་ཆུ་ཚད་མཐོ་བའི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་ཆོག་པས་ཕན་པ་དང་སྟབས་བདེ་དེ་བས་མང་བ་ཐོབ་ཡོད།
གཞན་རྟེན་བྱེད་དགོས་ལ་རང་རྟེན་ཡང་བྱེད་དགོས་པས་དམར་ཁྲིད་བྱས་ནས་ནམ་ཡང་ཕན་འབྲས་ཐོན་པའི་སྨན་བཅོས་རུ་ཁག་བཙུགས་པ།
ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་གཤགས་བཅོས་སྦྲིད་སྨན་སྡེ་ཁག་གི་ཉི་མ་རྡོ་རྗེས་ན་ཚ་མེད་པའི་ཕྲུ་གུ་སྐྱེ་ཐབས་སོགས་ཀྱི་ལག་རྩལ་ཁོང་དུ་ཆུད་པ་དང་། འཕྲལ་བཅོས་ཁང་གི་སྨན་པས་ཀྱང་གློ་ཡུར་སྦུག་འཛུགས་ལག་རྩལ། འདར་སེལ་ཡོ་ཆས་སྤྱོད་སྟངས་སོགས་ཤེས་པས་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་ནད་པ་སྲོག་ཉེན་ལས་ཐར་ཚད་མང་དུ་ཕྱིན།
ད་ཆ་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་གིས་ནད་ལྕིའི་གསོ་རིག་ཚན་ཁག་དང་ནད་ལུགས་ཚན་ཁག་སོགས་ནད་ཐོག་སྨན་བཅོས་ཀྱི་ཁོའོ་ཧྲི་4མང་དུ་བཏང་སྟེ་སྙིང་ཁམས་ཁྲག་རྩའི་སྡེ་ཁག་དང་། བུད་མེད་ནད་དང་བུ་བཙའི་སྡེ་ཁག བྱིས་ནད་སྡེ་ཁག་བཅས་ཉེ་དུས་གཙོ་གནད་ཆེད་ཚན་དུ་བརྩིས་ནས་འཛུགས་རྒྱུ་གཏན་འཁེལ་བྱས་པ་དང་། མིག་སྔར་སྨན་པ་བཞི་ཀོང་ཏུང་དུ་གཟབ་སྦྱོང་བྱེད་པར་མངགས་ཡོད། མཐོ་གནོན་དབུགས་མཛོད་སྨན་བཅོས་ལྟེ་གནས་བསྐྲུན་ཟིན་པ་དང་། འདི་ལོར་ཟུངས་ཁྲག་བཙག་བཅོས་ལྟེ་གནས་སྐྲུན་ཟིན་ནས་སང་ལོ་ནད་ལྕིའི་གསོ་རིག་སྡེ་ཁག་གི་ཚད་ལྡན་ཅན་འཛུགས་སྐྲུན་བྱ་རྒྱུ་རེད།
བོད་སྐྱོར་རུ་ཁག་གིས་ཉིང་ཁྲི་གྲོང་ཁྱེར་གྱི“རྒྱང་ཁྲིད་སྨན་བཅོས་དང་། མུ་མཐུད་སློབ་གསོ། གསོ་རིག་ཚན་རིག་ཁྱབ་གདལ”བཅས་དྲ་རྒྱའི་སློབ་གསོའི་ལས་སྟེགས་བསྐྲུན་པ་དང་དྲ་སྦྲེལ་ལག་རྩལ་བརྒྱུད་འཆད་ཁྲིད་དང་ཚན་རིག་ཁྱབ་གདལ་གྱི་ཤེས་བྱ་གསོ་སྦྱོང་བྱས་པ་རེད།
ལོ་གཅིག་རིང་འབད་བརྩོན་བྱས་པ་བརྒྱུད། དེ་སྔ་སྤེལ་མི་ཐུབ་པའི་ལས་སྒོ་ད་ཆ་སྤེལ་ཐུབ་པ་དང་། དེ་སྔ་ནད་དཔྱད་མི་ཐུབ་པའི་ནད་རྟགས་ད་ཆ་ནད་དཔྱད་གསལ་པོ་ཐུབ་པ། དེ་སྔ་བྱེད་མི་ཐུབ་པའི་གཤགས་བཅོས་ད་ཆ་བྱེད་ཐུབ་པ་ལ་སོགས་རེད། ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་ལ་དུས་མཚུངས་དང་བསྡུར་ན་ཡོང་འབབ་17.3%མང་དུ་ཕྱིན་པ་དང་། སྒོ་བསྟེན་སྨན་བཅོས་བྱེད་ཚད་43.5%མཐོ་རུ་ཕྱིན་པ། གཤགས་བཅོས་ཐེངས་གྲངས་14.3%མང་དུ་ཕྱིན་ཡོད་པ་རེད།
ལོ་གཅིག་རིང“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱིས་སྨན་དོན་མི་སྣ་དང་། རྐང་འཛིན་རིགས་གཅིག་མཁས་ཅན། དོ་དམ་ཤེས་ལྡན་མི་སྣ་བཅས་གསོ་སྦྱོང་ཤུགས་ཆེན་བྱས་ཤིང་། བོད་ཀྱི་སྨན་པ་700ལྷག་ཙམ་རང་སྐྱོང་ལྗོངས་ནང་ཁུལ་དང་རང་སྐྱོང་ལྗོངས་ཕྱིའི་རིག་གཞུང་ཚོགས་འདུར་ཞུགས་རྒྱུར་སྒྲིག་འཛུགས་བྱས་པ་དང་སྨན་པ་100རོགས་སྐྱོར་བྱེད་མཁན་སྨན་ཁང་དུ་སློབ་སྦྱོང་དང་གསོ་སྦྱོང་བྱ་རྒྱུར་མངགས་ཡོད། ཤེས་ལྡན་མི་སྣ་ནང་འདྲེན་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་། ཚན་ཞིབ་ཞིབ་འཇུག་བཅས་ཀྱི་འདེགས་སྐྱོར་བརྒྱུད“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱིས་ཡུལ་དེའི་སྨན་པའི་སྨན་སློབ་ཞིབ་གསུམ་གྱི་ཕྱོགས་བསྡུས་འཇོན་ཐང་ཆེ་རུ་ཕྱིན་ཡོད་པ་རེད།
ཉ་སྟེར་དགོས་ལ་འཛིན་སྟངས་ཀྱང་སློབ་དགོས་པས་སྨན་བཅོས་བོད་སྐྱོར་གྱི་ཕུགས་ཕན་ལམ་ལུགས་ལམ་སྲོལ་འཚོལ་ཞིབ་དང་འཐུས་སྒོ་ཚང་དུ་བཏང་བ།
“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་རུ་ཁག་གི་རོགས་རམ་འོག་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་དུ“ཀ་པ་རིམ་པ་གཉིས་པའི”མཐའ་མའི་ཞིབ་དཔྱད་ལས་དོན་ལེགས་གྲུབ་བྱུང་ནས་མངའ་རིས་ས་ཁུལ་དུ“ཀ་པ་རིམ་པ་གཉིས་པའི”སྨན་ཁང་མེད་པའི་ལོ་རྒྱུས་མཇུག་འགྲིལ་ནས། “ཁ་པ་རིམ་པ་གསུམ་པའི”སྨན་ཁང་འཛུགས་རྒྱུའི་དམིགས་ཚད་ཕྱོགས་སུ་གོམ་པ་སྤོ་བཞིན་མཆིས། སྡེ་ཁག་འཛུགས་སྐྲུན་དང་། ཆ་འཕྲིན་ཅན་འཛུགས་སྐྲུན། ལས་རྗེས་སྒྱུར་བཅོས་ལ་སོགས་པ་སྨན་ཁང་གིས“ལོ་ལྔ་ཚན་བཅུ་གསུམ་པའི”འཛུགས་སྐྲུན་འཆར་གཞིར་བཀོད་ཡོད་པ་རེད།
“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་སྤེལ་ནས་ལོ་གཅིག་སོང་རིང་། བོད་ཀྱི་སྨན་ཁང་གི་དོ་དམ་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་སྟེ། ལས་དོན་ཁག་རིམ་གྱིས་ལམ་ལུགས་ཅན་དང་ཚད་ལྡན་ཅན་གྱི་ཕྱོགས་སུ་འཕེལ་བཞིན་ཡོད། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི“ཀ་པ་རིམ་པ་གསུམ་པའི”ཚོད་འདེམས་དམིགས་ཚད་བླང་བྱ་དང་མཐུན་པ་དང་། ཉིང་ཁྲི་གྲོང་ཁྱེར་དང་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་གིས“ཁ་པ་རིམ་པ་གསུམ་པའི”ཕྱོགས་བསྡུས་སྨན་ཁང་བདེ་བླག་ངང་བཏོད་ཡོད། རིམ་ལྡན་སྨན་ཁང་གི་དཔྱད་ཞིབ་གདེང་འཇོག་ལས་དོན་སྤེལ་བ་བརྒྱུད་རོགས་སྐྱོར་ཐོབ་མཁན་སྨན་ཁང་གིས་ནང་གནས་འཛུགས་སྐྲུན་ནན་ཏན་བྱས་ཏེ“ནད་པ་གཙོ་བོར”བྱས་ནས་སྨན་བཅོས་སྤུས་ཚད་ལེགས་སུ་དང་ནད་པའི་བདེ་འཇགས་ཆེ་རུ་བཏང་བ་དང་སྨན་བཅོས་ཞབས་ཞུ་ལེགས་སུ་བཏང་བས། ཡུལ་དེའི་བློས་འགེལ་ཆོག་པའི་བོད་ཀྱི་སྤུས་ལེགས་སྨན་ཁང་དུ་དངོས་སུ་གྱུར་ཡོད་པ་རེད།
ཀྲུང་དབྱང་རྩ་འཛུགས་པུའུ་དང་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་སོགས་པུའུ་ཨུད་ཀྱི་མཛུབ་ཁྲིད་འོག གཙོ་གཉེར་སྡེ་ཚན་དང་རོགས་སྐྱོར་བྱེད་མཁན་དང་རོགས་སྐྱོར་བྱ་ཡུལ་ཕྱོགས་གཉིས་པོས་འབད་བརྩོན་བྱས་ནས། འགྲུབ་ཐུབ་པའི་སྤྱི་ཡོངས་ཀྱི་འཕེལ་རྒྱས་དམིགས་ཚད་བཟོས་པ་དང་། སྦྲུམ་མ་དང་ཕྲུ་གུ་སྐྱེས་མ་ཐག་གི་སྐྱེད་མ་ཤི་ཚད་དང་ཕྲུ་གུ་དམར་འབྱར་ཤི་ཚད་དམའ་རུ་གཏོང་བ་དང་། མིའི་ཆ་སྙོམས་སྔོན་དཔག་ཚེ་ཚད་མཐོ་རུ་གཏོང་བ། 2020ལོར་སླེབས་སྐབས་གཞི་རྩའི་ཆར“ནད་ཆེན་རང་སྐྱོང་ལྗོངས་ཐོན་མི་དགོས་པ་དང་། ནད་འབྲིང་ས་ཁུལ་དང་གྲོང་ཁྱེར་ནས་ཐོན་མི་དགོས་་པ། ནད་ཆུང་རྫོང་ནས་ཐོན་མི་དགོས་པ”བཅས“གཉིས་དམའ་གཅིག་མཐོ་ཐོན་མི་དགོས་པ་གསུམ”དམིགས་ཚད་མངོན་འགྱུར་ཐུབ་རྒྱུར་འབད་བཞིན་ཡོད། “1774འདུ་འགོད”ལག་ལེན་བསྟར་རྒྱུ་བཏོན་པ་སྟེ་སྨན་བཅོས་ཤེས་ལྡན་མི་སྣའི“1+7”ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་རང་སྐྱོང་ལྗོངས་ཀྱི་སྨན་ཁང་1དང་། ས་ཁུལ་དང་གྲོང་ཁྱེར་གྱི་སྨན་ཁང་7 རྫོང་སྨན་ཁང་74བཅས་ཟུང་དུ་འབྲེལ་བའི་རོགས་སྐྱོར་འཆར་འགོད་ལག་ལེན་བསྟར་ཡོད།
བོད་སྐྱོར་རིགས་གཅིག་མཁས་ཅན་གྱིས་ཡུལ་བབ་དང་བསྟུན་ནས་ཡུལ་དེ་གའི་སྨན་ཁང་ལ་སྒྲིག་སྲོལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་ཀའི་ཚད་གཞི་འཐུས་ཚང་དུ་གཏོང་བ། ལས་གཉེར་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་བཅས་ལ་རོགས་རམ་བྱས་ཏེ་སྨན་བཅོས་ཞབས་ཞུའི་བརྒྱུད་རིམ་སྔར་བས་ལེགས་སུ་བཏང་བ་དང་སྨན་ཁང་གི་ཞིབ་ཚགས་ཅན་གྱི་དོ་དམ་ཆུ་ཚད་མཐོ་རུ་བཏང་བ་རེད། བོད་ཀྱི་སྨན་ཁང་ཁག་གིས་རིམ་རྩིས་བྱས་ན་སྒྲིག་སྲོལ་ལམ་ལུགས་ཁག་800ཙམ་འཐུས་ཚང་དུ་བཏང་ཡོད།
“བོད་སྐྱོར་རིགས་གཅིག་མཁས་ཅན་ཚོས་སྔོན་ཐོན་གྱི་དོ་དམ་འདུ་ཤེས་བསླབས་བྱུང་། སྒྲིག་སྲོལ་ལམ་ལུགས་བཟོ་བ་དང་བཀོལ་སྤྱོད་གོ་རིམ་ཚད་ལྡན་དུ་བཏང་བ་བརྒྱུད་ངེད་སྨན་ཁང་གི་སྨན་བཅོས་དང་དོ་དམ་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས་མང་ཚོགས་ནད་གཞི་ལྟ་དཀའ་བའི་གནད་དོན་ཞི་ལྷོད་དུ་སོང་སྟབས་བོད་སྐྱོར་རུ་ཁག་ལ་བོད་ཀྱི་མི་དམངས་ཚོའི་དགའ་བསུ་ཟབ་མོ་ཐོབ་ཡོད”ཅེས་ནག་ཆུ་ས་ཁུལ་མི་དམངས་སྨན་ཁང་གི་ཡོན་ཀྲང་ཧྥང་ཧྲི་མིང་གིས་བཤད།
འགན་འཁུར་རྩོམ་སྒྲིག་པ། 索朗多拉
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣