དེང་སྐབས་སྨན་ཁང་ནང་སྦྲུམ་མ་དང་ཁྱིམ་མི་མང་དག་ཅིག་གིས་རྨོངས་ཚོད་ཀྱིས་གཤགས་བཅོས་ལ་བརྟེན་ནས་མངལ་གྲོལ་ཐབས་བྱེད་ཀྱི་ཡོད། དེའི་རྒྱུ་རྐྱེན་གཙོ་བོ་ནི་སྦྲུམ་མ་ཁག་གཅིག་ཕྲུ་གུ་སྐྱེ་ཚོད་ལ་སྐྱེ་མི་ཐུབ་པར་མཐར་གཤགས་བཅོས་བྱེད་དགོས་བྱུང་སྟེ་ན་ཟུག་ཐེངས་གཉིས་མྱོང་དགོས་སྙམ་པ་དང་། ཡང་ཁག་གཅིག་ཕྲུ་གུ་མངལ་ལམ་དུ་བཙིར་ཏེ་མ་འོངས་པར་ཕྲུ་གུའི་རིག་སྟོབས་ལ་སྐྱོན་ཐེབས་མི་ཡོང་ངམ་སྙམ་པ། དེ་བཞིན་སྐྱེ་ཡུན་རིང་དྲགས་ནས་སྦྲུམ་མར་སྡུག་པོ་མཐོང་མི་ཡོང་ངམ་སྙམ་པ་སོགས་སེམས་ཁྲལ་བྱེད་ཀྱི་ཡོད། ཡང་སྙིང་བྱ་ཐབས་གང་འདྲ་སྤྱད་ནས་མངལ་གྲོལ་ན་ཡག་གམ་ཞེ་ན། གཟུགས་ཁམས་ཀྱི་གནས་ཚུལ་ཐོག་ནས་ཞུས་ན། མངལ་ལམ་བརྒྱུད་ཕྲུ་གུ་སྐྱེ་བ་ནི་རྒྱུན་གཏན་གྱི་གཟུགས་ཁམས་སྣང་ཚུལ་ཞིག་ཡིན་པས། མངལ་ལམ་བརྒྱུད་ནས་ཕྲུ་གུ་སྐྱེས་ཚེ་ཕྲུ་གུར་ཕན་ཐོགས་ཆེན་པོ་ཡོད།
(1)ཕྲུ་གུ་སྐྱེ་བའི་བརྒྱུད་རིམ་ནང་བུ་སྣོད་འཁུམས་པ་དང་བསྟུན་ནས་ཕྲུ་གུའི་བྲང་ཁོག་ལ་གནོན་ཤུགས་སྤྲོད་ཀྱི་ཡོད་པར་བརྟེན་ཕྲུ་གུ་སྐྱེས་ཟིན་རྗེས་གློ་བས་རང་དགར་དབུགས་རྔུབ་གཏོང་བྱེད་རྒྱུར་ཕན་ཐོགས་ཡོད།
(2)ཕྲུ་གུ་སྐྱེ་ལམ་བརྒྱུད་པའི་སྐབས་ཁ་སྣ་དང་། དབུགས་ལམ་ནང་གི་འབྱར་སྐྱི་དང་ཆུ་རྣམས་བཙིར་གྱི་ཡོད་པས། ཕྲུ་གུ་སྐྱེས་རྗེས་མིས་བཟོས་གློ་བའི་དབུགས་རྔུབ་གཉན་ཚད་ཐོན་རྒྱུ་ཉུང་དུ་འགྲོ་ཐུབ།
(3)སྐྱེ་ལམ་བརྒྱུད་སྐབས་ཕྲུ་གུའི་མགོ་བོར་ཕོག་ཐུག་ངེས་ཅན་ཞིག་ཡོང་གི་ཡོད་སྟབས། ཀླད་ཆེན་གྱི་ནུས་པ་གློ་བུར་དུ་ཤུགས་ཆེར་འགྲོ་བས་ཕྲུ་གུ་སྤྱང་པོ་ཆགས་ཀྱི་ཡོད།
སྐྱེད་མའི་ངོས་ནས་བརྗོད་ན། མངལ་ལམ་ནས་ཕྲུ་གུ་སྐྱེས་ཚེ་རྨས་སྐྱོན་ཉུང་ལ་བདེ་འཇགས་ལྡན་ཞིང་། གཟུགས་པོ་གསོས་སླ། མངལ་གཤགས་ནས་ཕྲུ་གུ་སྐྱེས་པའི་བརྒྱུད་རིམ་ནང་སྦྲིད་སྨན་དང་གཤགས་བཅོས་ལ་ཉེན་ཁ་ངེས་ཅན་ཡོད་པ་མ་ཟད། གཤགས་བཅོས་ཀྱི་རྨ་ཁ་གསོ་ཁག་ལ་གཉན་ཁ་རྒྱས་པའི་གོ་སྐབས་ཡང་མང་བས་དེར་བརྟེན་རང་བཞིན་ངང་མངལ་གྲོལ་ན་མ་བུ་གཉིས་ཀར་ཕན་པ་ཤིན་ཏུ་ཆེ།