དབུ་ཤོག>གསར་འགྱུར།
  • ཁྲེང་ཀོན་ཆུས་ཀྱིས“ཚོགས་སྒྲིག་རྣམ་པའི”སློབ་གསོའི་ཤེས་ལྡན་མི་སྣའི་བོད་སྐྱོར་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-12-14

    ཁྲེང་ཀོན་ཆུས་ཀྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་སློབ་གསོ་སློབ་ཁྲིད་ཀྱི་ཆུ་ཚད་མཐོ་རུ་བཏང་ནས། སྤུས་ལེགས་ཐོན་ཁུངས་མཉམ་སྤྱོད་ཐུབ་པ་དང་སློབ་གསོའི་སློབ་ཁྲིད་ཀྱི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་ཆེད། ཉིན་ཤས་གོང་། 2016ལོའི“ཚོགས་སྒྲིག་རྣམ་པའི”སློབ་གསོའི་ཤེས་ལྡན་མི་སྣའི་བོད་སྐྱོར་གྱི་པེ་ཅིང་གྲོང་ཁྱེར་གྱི་རིགས་གཅིག་མཁས་ཅན་གྱིས་བོད་དུ་སློབ་ཁྲིད་གནང་བའི་དུས་མཚམས་དང་པོའི་གསོ་སྦྱོང་བྱེད་སྒོ་ཁྲེང་ཀོན་ཆུས་དགེ་རྒན་གསོ་སྦྱོང་ལྟེ་གནས་སུ་བདེ་བླག་ངང་སྤེལ་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། པེ་ཅིང་ནས་ཕེབས་པའི་རིགས་གཅིག་མཁས་ཅན་ཁག་གིས་སློབ་གྲྭའི་དོ་དམ་དང་། སློབ་གྲྭའི་རིག་གནས་འཛུགས་སྐྱོང་། སློབ་དོན་སློབ་དཔྱད། སློབ་ཆུང་གི་རྩིས་རིག་གནད་དོན་ཐག་གཅོད། དངོས་ཁམས་དང་རྫས་འགྱུར་སློབ་ཚན་གྱི་གསལ་འགྲེལ་སོགས་ཐད་དགེ་རྒན་ཚོར་གསོ་སྦྱོང་བྱས་པ་མ་ཟད། ངོ་ཐུག་གདོང་འཕྲད་ཀྱི་སྒོ་ནས་སྤེལ་རེས་གཏིང་ཟབ་ཀྱང་བྱས་པ་རེད། ཁྲེང་ཀོན་ཆུས་ཀྱི་སློབ་གྲྭ་འབྲིང་ཆུང་ཁག་གི་སློབ་སྤྱི་གཞོན་པ་དང་། སློབ་དོན་ཁྲུའུ་ཡི་ཀྲུའུ་རེན། སློབ་དཔྱད་ཁང་གི་ཀྲུའུ་རེན། གསོ་སྦྱོང་ལྟེ་གནས་ཀྱི་སློབ་དཔྱད་པ་བཅས་དགེ་རྒན་160ལྷག་ཙམ་གསོ་སྦྱོང་ནང་ཞུགས་པ་རེད།

    པེ་ཅིང་གྲོང་ཁྱེར་སློབ་འབྲིང་གསུམ་པའི་ཧྲུའུ་ཅི་ཀྲུའུ་ཏུང་ཧུའེ་ཡིས་སློབ་གྲྭ་ཁག་གི་འགོ་ཁྲིད་དང་སློབ་དོན་ཁྲུའུ་ཡི་ཀྲུའུ་རེན་ལ་སློབ་གྲྭའི་སློབ་ཁྲིད་དོ་དམ་དང་། ལམ་ལུགས་འཛུགས་སྐྱོང་། སློབ་གྲྭའི་རིག་གནས་འཛུགས་སྐྱོང་། དགེ་རྒན་གྱི་དཔྱད་ཞིབ། གདེང་འཇོག་སོགས་ཐད་ཀྱི་ཤེས་བྱ་འཆད་འཁྲིད་བྱས་ནས་སློབ་གྲྭའི་ལམ་ལུགས་ཁག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་ལམ་སྲོལ་ཁག་འཐུས་སྒོ་ཚང་དུ་གཏོང་ཆེད་བསམ་ཕྱོགས་མཁོ་འདོན་བྱས་ཡོད། པེ་ཅིང་སློབ་གསོ་ཚན་རིག་ཞིབ་འཇུག་ཁང་རྨང་གཞིའི་སློབ་གསོའི་སློབ་འཁྲིད་ཞིབ་འཇུག་ལྟེ་གནས་ཀྱི་དགེ་རྒན་ཆེ་མོ་བ་ཅ་ཧྥུའུ་ལུའུ་ཡིས་སློབ་ཆུང་གི་རྩིས་རིག་དགེ་རྒན་ཚོར《“གནད་དོན་ཐག་གཅོད”ཀྱི་སློབ་ཁྲིད་བྱེད་ཐབས་དང་ཐབས་ཇུས》ཀྱི་འཆད་ཁྲིད་བྱས་པ་དང་དཔེ་སྣ་ཚོགས་དྲངས་པ་བརྒྱུད། “སློབ་ཚན་གང་ཞིག་ནི་གནད་དོན་ཐག་གཅོད་བྱེད་པར་ཟེར”སོགས་ཀྱི་ནང་དོན་དབྱེ་ཞིབ་བྱས་པ་རེད། པེ་ཅིང་སློབ་འབྲིང་བརྒྱད་བཅུ་བའི་མཐོ་རིམ་དགེ་རྒན་ཁྲེང་ཀྲེན་ཧྲེང་དང་པེ་ཅིང་སློབ་འབྲིང་བཞི་པའི་རྫས་འགྱུར་གྱི་མཐོ་རིམ་དགེ་རྒན་ཧུང་ཡུན་པོའོ་གཉིས་ནས་སློབ་གྲྭ་ཁག་གི་དངོས་ཁམས་དང་རྫས་འགྱུར་དགེ་རྒན་ལ་གང་འདྲ་བྱས་ཏེ་དངོས་ཁམས་དགེ་རྒན་གྱི་སློབ་ཁྲིད་རྩལ་ནུས་མཐོ་རུ་གཏོང་བ་སོགས་ཐད་ཀྱི་གསོ་སྦྱོང་བྱས་པ་རེད། པེ་ཅིང་སློབ་གསོ་ཚན་རིག་ཞིབ་འཇུག་ཁང་རྨང་གཞིའི་སློབ་གསོའི་སློབ་འཁྲིད་ཞིབ་འཇུག་ལྟེ་གནས་ཀྱི་སློབ་འབྲིང་ཆ་འཕྲིན་ཚན་རིག་སློབ་དཔྱད་པ་མཐོ་རིམ་དགེ་རྒན་ཝང་ཀྲེན་ཆང་གིས་རིགས་ཁག་གི་ཡོ་ཆས་སྒྲིག་ཆས་སྤྱོད་སྟངས་དང་། ས་གནས་དེ་གའི་ཆ་འཕྲིན་ལག་རྩལ་དགེ་རྒན་གྱི་སློབ་ཁྲིད་རྩལ་ནུས་མཐོ་རུ་གཏོང་བ། གང་འདྲ་བྱས་ཏེ་སྔོན་ཐོན་གྱི་ཆ་འཕྲིན་ལག་རྩལ་སློབ་ཁྲིད་ནང་སྤྱོད་པ། གང་འདྲ་བྱས་ཏེ་ཆ་འཕྲིན་ལག་རྩལ་གྱིས་སློབ་གསོའི་སློབ་ཁྲིད་ལ་ཞབས་ཞུ་བྱེད་པ་སོགས་ཐད་འགྲེལ་བཤད་བརྒྱབ་པ་དང་འབྲེལ་སྤེལ་རེས་ཀྱང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།