འདི་ནི་ཀྲུང་གོའི་བུད་མེད་འཁྱག་ལྟིར་ལུས་རྩལ་པ་ཝང་པིང་ཡུས(དཀྱིལ)ཀྱིས་ཨ་རིའི་རུ་ཁག་དང་འགྲན་བསྡུར་བྱེད་པའི་ནང་འཁྱག་ལྟིར་རག་ཐབས་བྱེད་པའི་གནས་ཚུལ་ཡིན་པ།
ཚེས་11ཉིན་ཀྲུང་གོའི་མཚོ་སྔོན་གྱི་རྒྱལ་སྤྱིའི་འཁྱག་ལྟིར་གདན་ཞུའི་འགྲན་བསྡུར་མཚོ་སྔོན་མདོ་པ་ས་མཐོའི་ལུས་རྩལ་སྦྱོར་བརྡར་རྟེན་གཞིར་འགོ་ཚུགས་པ་དང་། མ་འོངས་ཉིན་བདུན་ནང་ཁ་ན་ཏ་དང་། སུའེ་ཏེན། སུའེ་ཙེར། ཨ་རི། ཨུ་རུ་སུ། འཇར་མན། ཀྲུང་གོ་སོགས་རྒྱལ་ཁབ་དང་ས་ཁུལ་11གི་རྩེར་སོན་རུ་ཁག་16གིས་འཁྱག་ཐོག་ཏུ་འགྲན་བསྡུར་ཛ་དྲག་པོ་བྱས་ཏེ་འཁྱག་ལྟིར་ལུས་རྩལ་ལ་དགའ་པོ་བྱེད་མཁན་ཚོར་ལྟད་མོ་ཆེ་བའི་འགྲན་བསྡུར་ཐེངས་20ལྷག་ཙམ་བྱེད་རྒྱུ་ཡིན་པ་རེད།
སྐབས་འདིའི་འགྲན་བསྡུར་གྱིས“ས་མཐོའི་གངས་འཁྱག་ལ་བརྩེ་སེམས་འཆང་བཞིན་ནུས་ཤུགས་ཡོད་རྒུས་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཕུགས་འདུན་འགྲུབ་རྒྱུར་གཞོལ”ཞེས་པ་བརྗོད་བྱ་གཙོ་བོར་བྱས་ནས་དམངས་ཡོངས་ལུས་སྦྱོང་ནང་ཞུགས་རྒྱུར་སྐུལ་འདེད་དང་། གངས་འཁྱག་གི་ལུས་རྩལ་འཕེལ་རྒྱས། སྐྱོན་བྲལ་གྱི་མཚོ་སྔོན་འཛུགས་སྐྲུན་བཅས་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ་དང་དེའི་དམིགས་ཡུལ་ནི་རྒྱལ་སྤྱིའི་ཆུ་ཚད་དང་། དུས་རབས་ཀྱི་ཁྱད་ཆོས། ས་མཐོའི་ཁྱད་ཆོས་བཅས་ལྡན་པའི་གངས་འཁྱག་འགྲན་བསྡུར་གྱི་སྤུས་རྟགས་ཤིག་བཏོད་དེ་2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ཤུགས་རྒྱག་པའི་ཆེད་དུ་ཡིན་པ་རེད།
མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ཀྲང་ཉིང་གིས་མཚོ་སྔོན་ནི་གཙང་གསུམ་ཆུ་འགོ་དང་ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག་ཡིན་པས་གངས་འཁྱག་གི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པའི་ཁར་། གངས་འཁྱག་ལུས་རྩལ་རྣམ་གྲངས་གཉེར་བའི་ཐུན་མོང་མ་ཡིན་པའི་རང་བྱུང་ཆ་རྐྱེན་ལྡན་ཡོད། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་གངས་འཁྱག་ལུས་རྩལ“ལྷོ་སྲིང་ནུབ་སྐྱོད”དང་མི་དུང་ཕྱུར་གསུམ་ཞུགས་པའི་གངས་འཁྱག་གི་འཆར་གཞིར་དམ་འཛིན་གྱིས་རྒྱལ་སྤྱིའི་ས་མཐོའི་གངས་འཁྱག་ལུས་རྩལ་སྦྱོང་བརྡར་རྟེན་གཞི་དང་གངས་འཁྱག་ཐོན་ལས་དཔེ་སྟོན་ཁུལ་ནུས་ཤུགས་ཡོད་རྒུས་བསྐྲུན་ཡོད་ཅེས་བཤད་པ་རེད།
འགོ་ཚུགས་མཛད་སྒོའི་ཐོག་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དགུན་དུས་ལུས་རྩལ་དོ་དམ་ལྟེ་གནས་དང་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ཀྱིས《མཚོ་སྔོན་གྱིས་དགུན་དུས་ལུས་རྩལ་རྣམ་གྲངས་གཉེར་རྒྱུར་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་ཡི་གེར》མིང་རྟགས་བཀོད་པ་རེད། སླད་ཕྱིན་རྒྱལ་ཁྱབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་ལུས་རྩལ་ཐང་དང་ཁང་སྐྲུན་པ་དང་འཁྱག་ཐོག་ལུས་རྩལ་རྣམ་གྲངས་གཉེར་བ་སོགས་ཀྱི་ཐད་མཚོ་སྔོན་ལ་རྒྱབ་སྐྱོར་དེ་བས་མང་བ་བྱ་རྒྱུ་ཡིན་པ་རེད།