དབུ་ཤོག>གསར་འགྱུར།
  • “ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱིས་སློབ་ཁྲིད་སྒྱུར་བཅོས་ལ་གསོན་ཤུགས་བསྣན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-12-08

    “སློབ་ཚན་ཐོག་སློབ་མ་ཚོས་དགེ་རྒན་གྱིས་བཏོན་པའི་དྲི་བར་ལན་རྒྱག་སྐབས་མང་ཆེ་བས་འཚེར་སྣང་བྱེད་ཀྱི་ཡོད་པ་དང་། ཚོགས་ཆུང་གྲོས་བསྡུར་ནང་ཕན་ཚུན་ངོ་རགས་ཙམ་ཤེས་ཀྱི་ཡོད་པས་ཡོངས་བསྒྲགས་ཀྱི་དྲི་བ་འདོན་སྐབས་ཡིད་ཆེས་དེ་བས་ཆེ་རུ་འགྲོ་གི་ཡོད”ཅེས་གཞིས་རྩེ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གསུམ་པའི་བོད་སྐྱོར་རྒྱ་ཡིག་དགེ་རྒན་ཚའོ་ཧུང་གིས་ཚོགས་ཆུང་ཁག་བགོས་ཀྱི་སློབ་ཁྲིད་བྱེད་སྟངས་ཐད་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད།

    དངོས་ཁམས་དགེ་རྒན་ཀྲང་ཁྲུན་ལུའེ་ཡིས་གསུངས་པ་ལྟར་ན། དེ་སྔོན་དངོས་ཁམས་སློབ་ཚན་མི་ཉུང་བ་ཞིག་ཁྲིད་པ་ཡིན་ལ་སློབ་མ་ཚོས་ཀྱང་ནན་ཏན་ངང་ཉན་གྱི་ཡོད་མོད། འོན་ཀྱང་ཕན་འབྲས་དེ་ཙམ་མངོན་གསལ་དོད་པོ་མི་འདུག “ཚོགས་ཆུང་ཁག་བགོས་ཀྱིས་གྲོས་བསྡུར་བྱེད་པའི་སློབ་ཁྲིད་བྱེད་སྟངས་ཀྱང་བསམ་བློ་འཁོར་མྱོང་ཡོད་རུང་། སློབ་ཚན་འཚོག་སྐབས་ཀྱི་སྒྲིག་ཁྲིམས་ལ་སྐྱོན་བརྒྱབ་ཡོང་བསམ་པའི་སེམས་ཁྲལ་བྱུང”ཞེས་བཤད།

    ད་རེས་སློབ་དུས་ལ་ཅི་ལིན་ཞིང་ཆེན་གྱི་བོད་སྐྱོར་དགེ་རྒན་གྱིས་སློབ་ཚན་ཐོག་ཚོགས་ཆུང་ཁག་བགོས་ཀྱི་སློབ་ཁྲིད་བྱེད་སྟངས་སྤྱད་པར་གྲུབ་འབྲས་བཟང་པོ་ཐོབ་པ་མཐོང་སྐབས། ཀྲང་ཁྲུན་ལུའེ་ཡིས་སློབ་ཁྲིད་བྱེད་སྟངས་ཐད་འགྱུར་ལྡོག་ཆེན་པོ་ཞིག་གཏོང་རྒྱུའི་ཐག་བཅད་པ་སྟེ། གཅིག་གྱུར་ཐོག་སྡོད་ས་རྒྱབ་མདུན་ལ་གཞིགས་ཏེ་སློབ་མ་རྣམས་ཚོགས་ཆུང་ཁ་ཤས་ལ་བགོས་པ་དང་། ཚོགས་ཆུང་རེར་སྐད་གཉིས་ཀྱི་རྨང་གཞི་དང་གོ་སྟོབས་ཆེ་བའི་སློབ་མ་རེ་ཙུའུ་ཀྲང་ལ་བདམས་པ། ཚོགས་ཆུང་གི་ཙུའུ་ཀྲང་གིས་སློབ་ཚན་དེར་བསླབས་པའི་ནང་དོན་ལ་གསལ་འགྲེལ་རྒྱག་རྒྱུ་དང་། གལ་སྲིད་མ་ཤེས་པ་འཕྲད་ཚེ་སློབ་ཚན་གྲོལ་རྗེས་རྒན་ལགས་ལ་སྐད་ཆ་འདྲི་རྒྱུའི་འགན་འཁུར་གྱི་ཡོད་པ་དེ་རེད།

    ཀྲང་ཁྲུན་ལུའེ་ཡིས་ལུགས་མཐུན་གྱི་ཚོགས་ཆུང་ཁག་བགོས་བྱས་པར་བརྟེན། ཕྲུ་གུ་ཚོས“སྐད་ཆའི་བཀག་རྒྱ”ལས་སླ་པོར་གྲོལ་ཐུབ་པ་དང་གོ་བ་ཡང་མགྱོགས་པོ་ལེན་ཐུབ་ཀྱི་འདུག་པས། སློབ་ཚན་གྱི་ཕན་འབྲས་ཆེ་རུ་ཕྱིན་སོང་ཞེས་བཤད།

    ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་ནི་ས་ཆ་དེ་གའི་དགེ་རྒན་དང་བོད་སྐྱོར་དགེ་རྒན་དབར་སྤེལ་རེས་མཉམ་འདྲེས་བྱས་རྗེས་ཐོབ་པའི་འབྲས་བུ་ཞིག་རེད། “ཚོགས་སྒྲིག་རྣམ་པའི”དགེ་རྒན་གྱི་བོད་སྐྱོར་ལས་དོན་སྤེལ་ཚུན། ས་ཆ་གཉིས་ཀྱི་དགེ་རྒན་གྱིས་སྤེལ་རེས་གཏིང་ཟབ་བྱས་པ་བརྒྱུད། མཐོ་རིམ་སློབ་འབྲིང་གསུམ་པའི་སློབ་ཁྲིད་བྱེད་སྟངས་དང་། སློབ་ཁྲིད་ཀྱི་ནང་དོན། སློབ་ཁྲིད་དོ་དམ་སོགས་ཀྱི་ལྷུ་ཚིགས་ཐད་སློབ་ཁྲིད་ཀྱི་སྒྱུར་བཅོས་ཆུང་ངུའི་ཚ་རླབས་ཤིག་འཕྱུར་ཡོད།

    “ཚོགས་སྒྲིག་རྣམ་པའི”བོད་སྐྱོར་དགེ་རྒན་དཔུང་ཁག་གི་རོགས་སྐྱོར་འོག མཐོ་རིམ་སློབ་འབྲིང་གསུམ་པས་དགེ་རྒན་གྱི་གཅིག་སྡུད་སློབ་ཁྲིད་གྲ་སྒྲིག་བྱེད་སྒོར་ཤུགས་སྣོན་བརྒྱབ་སྟེ། སློབ་ཚན་མ་འཚོག་གོང་ལོ་རིམ་ཁག་གི་སློབ་ཁྲིད་གྲ་སྒྲིག་ཚོགས་ཆུང་དགེ་རྒན་ཁག་ལ་བགོས་ཏེ་ནང་དོན་མི་འདྲ་བར་གཞིགས་ནས་སློབ་ཁྲིད་གྲ་སྒྲིག་བྱེད་པ་དང་། སློབ་ཁྲིད་ཀྱི་ནང་དོན་གཅིག་གྱུར་ཐོག་གྲོས་ཐག་བཅད་རྗེས་སློབ་ཡིག་དང་སྦྱོང་ཚན་སློབ་མར་སྤྲོད་པ། སློབ་ཚན་གྲོལ་རྗེས་སློབ་མའི་བསམ་འཆར་ལ་གཞིགས་ཏེ་དུས་ཐོག་ཏུ་ལེགས་སྒྲིག་དང་། གཙོ་གནད་འབུར་དུ་ཐོན་པ། ཁྲིད་སྦྱོང་ཟུང་དུ་འབྲེལ་བ་བཅས་ཀྱི་ཐོག་ནས་སློབ་ཁྲིད་ཀྱི་ནང་དོན་སློབ་མའི་རྨང་གཞི་དང་དེ་བས་འཚམ་པ་བྱས་པ། མཇུག་ཏུ་ཞིབ་གཏན་འཁེལ་བའི་སྦྱང་དེབ་སྐབས་རྗེས་མའི་སློབ་མའི་སློབ་ཁྲིད་མཐོར་གཏོང་ཕྱོགས་སྡོམ་གྱི་མ་དཔེར་བརྩི་ཆོག་གི་ཡོད་སྟབས། སློབ་ཁྲིད་འཐུས་སྒོ་ཚང་བའི་བརྡ་ལན་ལམ་སྲོལ་ཞིག་རིམ་བཞིན་ཆགས་བཞིན་ཡོད།

    “ང་ཚོས‘ཚོགས་སྒྲིག་རྣམ་པའི’དགེ་རྒན་གྱི་བོད་སྐྱོར་བྱེད་སྟངས་དང་བསྟུན་ཏེ། མཐོ་རིམ་སློབ་འབྲིང་གསུམ་པའི་སློབ་ཁྲིད་ལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་ཡིན། གོམ་སྟབས་རྗེས་མར་ང་ཚོས་ལོ་3ནང་རྒྱུན་ཆད་མེད་པར་ཡར་རྒྱས་བཏང་ནས་ཚན་རིག་དང་མཐུན་ལ་ལུགས་མཐུན་གྱི་སློབ་ཁྲིད་སློབ་དཔྱོད་ཀྱི་རྣམ་པ་ཞིག་ཆགས་པ་བྱེད་རྩིས་ཡོད”ཅེས་མཐོ་རིམ་སློབ་འབྲིང་གསུམ་པའི་སློབ་སྤྱི་གཞོན་པ་རཱན་ཆིས་ཅེ་ཡིས་ཡིད་ཆེས་ཀྱིས་ཁེངས་པའི་སྒོ་ནས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།