དབུ་ཤོག>གསར་འགྱུར།
  • ཡུལ་ཁམས་ཤིག་གི་གྲོང་མིར་དྲོ་སྐྱིད་སྦྱིན་མཁན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-12-02

    ད་ལོ་ལོ་37སླེབས་པའི་ཟླ་བ་སྒྲོལ་དཀར་ནི་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་རོང་ཤང་སྦ་ནག་གྲོང་ཚོའི་ཚོགས་ཆུང་གསུམ་པའི་གྲོང་མི་ཡིན། ཁོང་ནི་སྦ་ནག་གྲོང་ཚོའི་ཕྱུག་འགྱུར་སྣེ་ཁྲིད་པ་ཡིན་ལ་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་བ་ཡང་ཡིན།

    རྣམ་ཀུན་ཁྱིམ་ལས་དང་སོ་ནམ་ཐད་བྲེལ་བ་ཇི་འདྲ་ཆེ་རུང་ཟླ་བ་སྒྲོལ་དཀར་གྱིས་གོ་སྐབས་སྣ་ཚོགས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་སྐོར་དྲིལ་བསྒྲགས་བྱེད་ཀྱི་ཡོད་ཅིང་། འདི་ནི་ཁོང་གི་འཚོ་བའི་ཁྲོད་ཀྱི་ལས་ཀ་གལ་ཆེན་ཞིག་ཀྱང་ཆགས་ཡོད།

    སྦ་ནག་གྲོང་ཚོའི་འགན་ལེན་ལྔའི་དུད་ཚང་གི་གནམ་གང་ནི་འོན་ལྐུགས་ཡིན་ལ་འགྲོ་སྐྱོད་ཀྱང་མི་བདེ་བ་མ་ཟད། རྟག་པར་སྐྱག་གཅིན་ཡང་འཚོར་གྱི་མེད། ཟླ་བ་སྒྲོལ་དཀར་གྱིས་གཉེན་ཉེ་མིན་ཡང་མོ་ལ་འཚོ་བའི་ཐད་སེམས་ཁུར་དང་ལྟ་སྐྱོང་ཡག་པོ་བྱས། རྒན་མོ་གནམ་གང་ཚེ་ལས་འདས་རྗེས་ཟླ་བ་སྒྲོལ་དཀར་གྱིས་གཙང་བཙོག་དང་ངལ་དུབ་ལ་མ་འཛེམས་པར་འདས་པོའི་རྗེས་འཇུག་ཡག་པོ་བསྒྲུབས་པས་སྦ་ནག་གྲོང་ཚོའི་གྲོང་མི་རྣམས་ལ་སེམས་འགུལ་ཟབ་མོ་ཐེབས་པ་རེད། རྒན་མོ་གཅིག་པུ་ཙམ་མིན་པར་གྲོང་ཚོའི་ནང་མི་སུ་ཞིག་ལ་དཀའ་ངལ་ཡོད་ཚེ་ཁོང་གིས་རང་ཁྱིམ་གྱི་ལས་ཀ་དོར་ནས་སྔོན་ལ་གཞན་གྱི་དཀའ་ངལ་སེལ་རོགས་བྱེད་ཀྱི་ཡོད་པ་རེད།

    ཟླ་བ་སྒྲོལ་དཀར་གྱི་ཁྱིམ་མཚེས་སྒྲོལ་དཀར་ལ་བུ་མོ་གསུམ་ཡོད་ལ་མོ་རང་ལ་ན་ཚ་ཡོད་པས་ལས་ཀ་བྱེད་ཐུབ་ཀྱི་མེད་པར་བརྟེན་འཚོ་བར་དཀའ་ངལ་ཆེན་པོ་ཡོད། སྒྲོལ་དཀར་གྱི་བུ་མོ་རྒན་པ་ལྷ་ས་དགེ་འོས་ཆེད་སྦྱོང་སློབ་གྲྭར་རྒྱུགས་འཕྲོད་རྗེས་སློབ་ཡོན་སྤྲོད་རྒྱུའི་ནུས་པ་མེད་པར་གྱུར། གནས་ཚུལ་དེ་རྟོགས་རྗེས་ཟླ་བ་སྒྲོལ་དཀར་གྱིས“ཕྲུ་གུ་སློབ་གྲྭ་ཡག་པོར་རྒྱུགས་འཕྲོད་ཚེ་སློབ་གྲྭར་གཏོང་དགོས། དངུལ་གྱི་ཐད་ནས་ངས་རོགས་པ་བྱས་ཆོག ཁྱེད་ལ་ག་དུས་དངུལ་ཡོད་ན་དེ་དུས་སྤྲད་ན་ཆོག གལ་སྲིད་སྤྲོད་མི་ཐུབ་ཀྱང་ཆོག་”ཅེས་བཤད་མ་ཐག་ཚོང་ཁང་གི་འཐེན་སྒམ་ནས་སྒོར་500བཏོན་ནས་སྒྲོལ་དཀར་ལ་སྤྲད་པས་བུ་མོ་རྒན་པ་རེ་འདོད་ལྟར་སློབ་གྲྭར་བསྐྱོད་ཐུབ་པར་གྱུར། སྒྲོལ་དཀར་གྱི་བུ་མོ་རྒན་པས“གལ་སྲིད་ཨ་ཅག་ཟླ་བ་སྒྲོལ་དཀར་གྱིས་རོགས་རམ་མ་བྱས་ཚེ་ང་སློབ་གྲྭར་འགྲོ་མི་ཐུབ། ད་ཆ་ངས་སློབ་སྦྱོང་ཡག་པོ་བྱས་ཏེ་ཨ་ཅག་ཟླ་བ་སྒྲོལ་དཀར་མིག་དཔེར་བརྩིས་ནས་རྒྱལ་ཁབ་དང་མི་དམངས་ལ་ཕན་པའི་མི་ཞིག་བྱེད་ཀྱི་ཡིན”ཞེས་བཤད།

    སྤྱིར་ན་ཟླ་བ་སྒྲོལ་དཀར་གྱི་ཁྱིམ་དེ་ཙམ་ཕྱུག་པོ་མིན་ནའང་ཁོང་གིས་གྲོང་མི་དབུལ་པོའི་འཚོ་བར་ཧ་ཅང་དོ་ཁུར་བྱས་ཏེ་རྟག་པར་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་རོགས་པ་གང་དགོས་མིན་ལྟ་བར་འགྲོ་ཡི་ཡོད། རྒྱ་རིགས་དང་བོད་རིགས་སུ་ལའང་ཁོང་གིས་ཁྱིམ་མི་ལྟར་ལྟ་སྐྱོང་དང་སེམས་ཁུར་བྱེད་ཀྱི་ཡོད་པ་རེད།

    ཟླ་བ་སྒྲོལ་དཀར་ནི་ཏང་ཡོན་མིན་ནའང་གྲོང་ཚོའི་ནང་གུང་ཁྲན་ཏང་ཡོན་གྱི་ཚད་གཞིར་བརྟེན་ནས་རང་ཉིད་ལ་བླང་བྱ་ནན་པོ་འདོན་གྱི་ཡོད་པ་དང་རང་ངོས་ཀྱི་ཀུན་སྤྱོད་དང་རིག་གནས་བློ་སྦྱོང་ཇེ་ལེགས་སུ་གཏོང་བ་མ་ཟད། རང་ངོས་ཀྱི་མི་གཤིས་སྟོབས་ཤུགས་ལ་བརྟེན་ནས་གཞན་ལ་སྐུལ་ཁྲིད་ཀྱང་བྱེད་ཀྱི་ཡོད། ཁོང་ནི་གཞུང་དྲང་ཟོལ་མེད་ཅིག་ཡིན་ལ་རང་ཉིད་ཀྱི་བྱ་སྤྱོད་ངོ་མར་བརྟེན་ནས་བགྲེས་སོང་དང་ཡུལ་མིར་བརྩེ་བ་བཅངས་ཏེ་སྔོན་ཐོན་ཞིང་པ་ཞིག་གི་གཤིས་རྒྱུད་བཟང་པོ་མངོན་ཡོད། ད་ཆ་སྦ་ནག་གྲོང་ཚོའི་གྲོང་མི་རྣམས་ཁྱིམ་མི་གཅིག་ལྟར་མཐུན་པོ་ཡོད་ཅིང་། དུད་ཁྱིམ་གང་ཞིག་ལ་དཀའ་ངལ་ཡོད་ཚེ་ཀུན་གྱིས་དེ་ལ་རོགས་རམ་བྱེད་ཀྱི་ཡོད་པ་རེད།

    གཞི་རིམ་ལ་ཟླ་བ་སྒྲོལ་དཀར་འདྲ་བའི་མང་ཚོགས་ཀྱི་དཀའ་ངལ་སེམས་ལ་བཅངས་ནས་དུས་དང་རྣམ་པ་ཀུན་ཏུ་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་གྲོང་མི་ཡོད་པའི་རྐྱེན་གྱིས། མི་རིགས་མཐུན་སྒྲིལ་གྱི་ས་བོན་དེ་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་སུ་ནམ་ཡང་གནས། ཟླ་བ་སྒྲོལ་དཀར་གྱིས་སྤྱིར་ན་གནམ་ས་འགུལ་བ་ལྟ་བུའི་དོན་དག་ཆེན་པོ་བསྒྲུབས་མེད་ཀྱང་། ཁོང་གིས་སྒྲུབ་པའི་དོན་དག་ཕྲན་ཚེགས་ལས་བློ་གཅིག་སེམས་གཅིག་ངང་མི་དམངས་ལ་ཞབས་འདེགས་ཞུ་བའི་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་བའི་གཟུགས་བརྙན་ཞིག་བཏོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།