དགུན་གྱི་དུས་སུ་མི་ལུས་ཀྱི་མགོ་བོ་ནི་དྲོ་ཇུས་བྱེད་དགོས་པའི་ཡན་ལག་གཙོ་བོ་ཞིག་རེད། ཞིབ་འཇུག་འབྲས་བུ་ཞིག་ལས་གསལ་བར། འགུལ་སྐྱོད་མེད་སྐབས་ཞྭ་མོ་མ་གྱོན་ན་ཁོར་ཡུག་ཧྲེ་ཧྲི་ཏུའུ་15ཡི་སྐབས་སུ་མིའི་ལུས་པོའི་ཚ་ནུས་གསུམ་ཆ་གཅིག་ཙམ་མགོ་བོ་ནས་ཕྱིར་ཤོར་གྱི་ཡོད། ཁོར་ཡུག་དྲོད་ཚད་ཧྲེ་ཧྲི་ཏུའུ་ 4ཡི་སྐབས་མིའི་ལུས་པོའི་ཚ་ནུས་ཕྱེད་ཀ་ལྷག་མགོ་བོ་ནས་ཕྱིར་ཤོར་གྱི་ཡོད། དེ་ལྟ་བུའི་ཞིབ་འཇུག་འབྲས་བུ་ལས་ར་སྤྲོད་བྱས་པར། གྲང་ངར་ཆེ་བའི་དགུན་དུས་སུ་མི་རྣམས་ཕྱི་རོལ་དུ་སྡོད་སྐབས་ཚ་ནུས་མང་པོ་མགོ་བོ་ནས་ཕྱིར་ཤོར་གྱི་ཡོད། གལ་ཏེ་མགོ་འཁྱགས་ན་ཀླད་པའི་ཁྲག་རྩ་འཁུམས་ནས་མགོ་ཡུར་འཁོར་བ་དང་མགོ་ན་བ། སྐྲ་བུད་པ། ཚབས་ལྕི་བར་ཆམ་པ་རྒྱག་པ་སོགས་བྱེད་ཀྱི་ཡོད། ནད་ཐོག་ཞིབ་འཇུག་ལས་ར་སྤྲོད་བྱུང་བར། སྟོན་དགུན་དུས་སུ་ཞྭ་མོ་གྱོན་རྒྱུའི་གོམས་གཤིས་ཡོད་པའི་མི་རྣམས་ཆམ་པ་སོགས་དབུགས་ལམ་གྱི་ན་ཚ་ཕོག་ཚད་ཆུང་བ་ཡོད། དེར་བརྟེན་རྒན་འཁོགས་དང་ཕྲུ་གུ། གཟུགས་པོ་སྐྱོ་བ་སོགས་ཀྱིས་སྟོན་དགུན་གཉིས་སུ་ཕྱི་རོལ་དུ་སྐྱོད་སྐབས་མགོ་བོར་འཚམ་པའི་ཞྭ་མོ་ཞིག་གྱོན་རྒྱུ་དེ་གལ་འགངས་ཆེན་པོ་ཡིན། སྙིང་དང་ཀླད་པའི་ཁྲག་རྩའི་ནད་པ་ཚོས་དེ་བས་དགུན་ཁ་ཞྭ་མོ་གྱོན་དགོས། འོན་ཀྱང་ཞྭ་མོ་དམ་དྲགས་རྒྱུ་མེད་དེ་ཁྲག་འཁོར་རྒྱུག་ལ་སྐྱོན་རྒྱག་གི་ཡོད། གཞན་ཡང་མིག་སྔར་སྨུག་རྡུལ་གྱི་གནམ་གཤིས་བསྟན་མང་བས་ཞྭ་མོ་གྱོན་ན་མགོ་ལྤགས་ཐོག་ཐལ་རྡུལ་མི་འགོ་བ་དང་མགོ་ལྤགས་ཀྱི་བདེ་ཐང་ལ་ཕན་ཐོགས་ཡོད་དོ།