དབུ་ཤོག>གསར་འགྱུར།
  • ཐེན་ཅིན་གྱིས་བོད་རིགས་ལོ་ཆུང་ལ་ཚེ་སྲོག་གསར་པ་སྦྱིན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2016-10-27

    ཟླ་བ་ཁ་ཤས་ཀྱི་གོང་དུ་ཐེན་ཅིན་བོད་སྐྱོར་སྨན་བཅོས་རུ་ཁག་གི་རོགས་རམ་འོག་རོགས་སྐྱོབ་ལས་དོན་སྤེལ་འགོ་ཚུགས་ཏེ་ལུས་པོ་འཚིག་པའི་བུ་བློ་བཟང་ཐེན་ཅིན་དུ་སྨན་བཅོས་བྱེད་པར་བསྐྱལ། སྨན་བཅོས་བྱེད་རིང་སྨན་ཁང་དང་། སེམས་བཟང་ཅན་གྱི་གྲོང་མི། དགེ་སྒྲུབ་རྩ་འཛུགས་བཅས་ཀྱིས་གང་ཐུབ་ཅི་ཐུབ་ཀྱིས་རོགས་རམ་བྱས་ཏེ་བློ་བཟང་ཁྱིམ་གྱི་སེམས་ཁྲལ་བསལ་བར་བརྟེན་དྲོ་སྐྱིད་ཀྱི་ཚོར་སྣང་བྱུང་བ་རེད།

    “ངའི་ལག་པ་ནས་འཇུས་ཏེ། ཤུགས་བརྒྱབ་ནས་ཙོག་ཙོག་བྱས་ནས་སྡོད་དང”ཞེས་བརྗོད་བཞིན་གཙོ་བཅོས་སྨན་པ་ལི་ཞའོ་པིན་གྱིས་བུ་བློ་བཟང་གི་ལག་ནས་བཟུང་སྟེ་ཙོག་པུར་སྡོད་དུ་བཅུག ལག་པ་ཡག་པོ་དྲག་མེད་པར་བརྟེན། ཅ་ལག་སོགས་ལེན་ཐུབ་ཀྱི་མེད། ཟླ་བ་གཅིག་ལྷག་ཙམ་གྱི་གོང་དུ་བུ་བློ་བཟང་སྨན་ཁང་དུ་སྐྱེལ་སྐབས། ལུས་པོ་ཕལ་ཆེ་བ་འཚིག་པའི་རྐྱེན་གྱིས་གཟུགས་པོ་འགུལ་ཁག་པོ་ཡོད།

    “ང་ཚོའི་སྨན་ཁང་དུ་བསྐྱལ་སྐབས། བུ་དེའི་གཟུགས་པོ་75%འཚིག་འདུག་ལ། སྐྱེལ་ཕྱི་དྲགས་པའི་ཐོག་གཟུགས་པོར་འཚོ་བཅུད་མི་འདང་བས་ཉེན་ཁ་ཆེན་པོ་འདུག”ཅེས་ཐེན་ཅིན་གྲོང་ཁྱེར་ལྟེ་བའི་སྨན་ཁང་དང་པོའི་འཚིག་རྨས་ཕྱི་བཅོས་ཚན་ཁག་གི་ཀྲུའུ་རེན་ལི་ཞའོ་པིན་གྱིས་ཐོག་མའི་གནས་ཚུལ་དག་བཤད་བྱུང་།

    བུ་བློ་བཟང་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་མཇུག་དཀར་གྲོང་ཚོ་ནས་ཡིན་ཞིང་། ཟླ་བ་བརྒྱད་པར་བརྔ་བསྡུ་བྱེད་པའི་སྐབས་སུ་འཕྲུལ་འཁོར་གྱི་སྣུམ་འཛག་ནས་མེ་ཤོར་ཏེ་ལུས་པོ་ཕལ་ཆེ་བ་འཚིག་པ་རེད། ཁྱིམ་ཚང་སྐྱོ་བ་དང་སྨན་བཅོས་ཆ་རྐྱེན་ཡག་པོ་མེད་པར་བརྟེན། སྨན་བཅོས་ཡག་པོ་མ་བྱུང་བར། སྲོག་ལ་ཉེན་ཁ་འཕྲད། ཟླ་9ཚེས་16ཉིན་བུ་བློ་བཟང་གི་གནས་ཚུལ་དེ་གནས་དེར་ཡོད་པའི་ཐེན་ཅིན་གྲོང་ཁྱེར་ལྟེ་བའི་སྨན་ཁང་དང་པོའི་བོད་སྐྱོར་སྨན་བཅོས་རུ་ཁག་གིས་ཤེས་རྗེས། སྡེ་ཚན་མང་པོ་དང་མཉམ་དུ་གྲོས་བྱས་ཏེ་བུ་བློ་བཟང་ཐེན་ཅིན་གྲོང་ཁྱེར་ལྟེ་བའི་སྨན་ཁང་དང་པོར་བསྐྱལ་བ་རེད།

    བུ་བློ་བཟང་དང་སྲུ་མོའི་ཁྱོ་གས་རྒྱ་སྐད་མི་ཤེས་པར་བརྟེན། ཐེན་ཅིན་དུ་ལས་ཀ་བྱེད་བཞིན་པའི་བོད་རིགས་དགེ་རྒན་ངག་འཛིན་དང་བོད་རིགས་སློབ་མ་ཁ་ཤས་ཀྱིས་ཁོང་གཉིས་ཀྱི་སྐད་སྒྱུར་བྱས། བུ་བློ་བཟང་གི་སྨན་རིན་ཐག་གཅོད་བྱེད་ཆེད། སྨན་དོན་མི་སྣ་ཚོས་རང་འགུལ་ངང་ཞལ་འདེབས་བརྒྱབ་པའི་ཐོག་འབྲེལ་ཡོད་ཐེབས་རྩ་ལྷན་ཚོགས་དང་སྨྱན་སྦྱོར་ལ་འབྲེལ་བ་བྱས། སྐད་སྒྱུར་བྱེད་མཁན་ཐེན་ཅིན་ལས་རིགས་སྒྱུ་རྩལ་སློབ་གླིང་གི་དགེ་རྒན་ངག་འཛིན་གྱིས་གསར་འགོད་པར། སྨྱན་སྦྱོར་གྱིས་བུ་བློ་བཟང་གི་གནས་ཚུལ་བཀོད་རྗེས། སེམས་བཟང་གྲོང་མི་མང་པོས་ཞལ་འདེབས་བརྒྱབ་པ་དང་སྤྱི་ཚོགས་ལས་རིགས་ཁག་གིས་བརྒྱབ་པའི་ཞལ་འདེབས་སྒོར་ཁྲི་30ཙམ་ལག་ཏུ་འབྱོར་ཡོད་ཅེས་ངོ་སྤྲོད་བྱས།

    བུ་བློ་བཟང་གི་སྲུ་མོའི་བཟའ་ཟླས་སྐད་སྒྱུར་བརྒྱུད་ནས“ང་ཚོར་རོགས་རམ་བྱེད་མཁན་ཐེན་ཅིན་བ་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ཆ་བློ་བཟང་ཡག་པོ་དྲག་ནས་གཟུགས་པོ་སྒུལ་ཐུབ་ཀྱི་འདུག”ཅེས་ཐུགས་རྗེ་ཆེ་ཞུ་བའི་སེམས་པ་མཚོན་པར་བྱས།

    པགས་པ་བརྗེ་བའི་གཤག་བཅོས་ཐེངས་གསུམ་བྱས་རྗེས། བློ་བཟང་གི་རྨ་ཁ་ཡག་པོ་གསོས་ཡོད། ཟླ་10ཚེས་24ཉིན་དྲག་སྐྱེས་བྱུང་ནས་ཉལ་ཁང་དཀྱུས་མར་བསྐྱལ་ཏེ་གཟུགས་པོ་དང་རྨ་ཁ་གསོ་རྒྱུ་ཡིན་པ་རེད། སྨན་པས་ངོ་སྤྲོད་བྱས་པར་གཞིགས་ན། རྦད་དེ་དྲག་སྐྱེས་བྱུང་རྗེས། གཟའ་འཁོར་རྗེས་མར་སྨན་ཁང་གིས་བུ་བློ་བཟང་བོད་དུ་བསྐྱལ་རྒྱུརེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།