གཟའ་འཁོར་འདིའི་ནང་རང་ལྗོངས་ཀྱི་ནུབ་རྒྱུད་དུ་ཆར་པ་འབབ་མང་བ།
གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ(ཟླ་8ཚེས་15ཉིན་ནས་ཟླ་8ཚེས་21ཉིན་བར)
གཟའ་ཟླ་བ་ནས་ཕུར་བུ་བར་ནག་ཆུའི་ནུབ་རྒྱུད་དང་། མངའ་རིས་ཤར་རྒྱུད། གཞིས་རྩེ་བཅས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་ཆེ་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་སིམ་སིམ་མམ་ཡང་ན་འབྲུག་ཆར་འབབ་རྒྱུ། གཟའ་པ་སངས་ནས་ཉི་མའི་བར་ནག་ཆུའི་ནུབ་རྒྱུད་དང་གཞིས་རྩེའི་ལྷོ་ནུབ་རྒྱུད་དུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ།
གཉིས། གྲོས་འགོ
1.རང་ལྗོངས་ཀྱི་ནུབ་རྒྱུད་དུ་ཆར་པ་རྒྱུན་མཐུད་འབབ་རྒྱུ་ཡིན་པས་ཤྭ་འོད་དང་། རི་ཉིལ་བ། འདམ་རྡོའི་ཆུ་རུད་སོགས་ཀྱི་ས་གཤིས་གནོད་འཚེ་ཐོན་རྒྱུར་དོགས་ཟོན་བྱེད་དགོས་པ་དང་། གཤོང་ས་དང་ཆུས་བསྣུབས་སླ་བའི་ས་ཁུལ་གྱི་ཞིང་ནང་དུ་ཆུ་ལོག་འགོག་པ་དང་འཁྱིལ་ཆུ་ཕྱིར་འབུད་ལས་དོན་ཡག་པོ་སྒྲུབ་དགོས།
2.ནག་ཆུ་དང་ཡར་ཀླུང་གཙང་པོ་རྒྱུག་ཁུལ་དུ་གཏད་རྒྱུག་རང་བཞིན་གྱི་གནམ་གཤིས་བསྟན་མང་བས་ཐོག་འགོག་སེར་འགོག་སོགས་ཀྱི་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་དགོས།