དེང་གི་དུས་སུ་སྐུ་ཉིད་བྱང་རྩྭ་ཐང་ནས་སྔོ་ལྗང་གི་ཉིང་ཁྲིའི་བར་དང་། ལྷ་སའི་ལུང་ཤུར་ནས་ཇོ་མོ་གླང་མའི་རི་འདབས་བར། བོད་ཤར་གྱི་ཆབ་མདོ་ནས་ཡར་ཀླུང་གཙང་པོའི་ཆུ་ངོགས་བར་བཅས་ཀྱི་ས་གནས་གང་དུ་བསྐྱོད་ཀྱང་། རྒྱལ་ཡོངས་མི་དམངས་ཀྱིས་སྒེར་སེམས་མེད་པར་རོགས་སྐྱོར་གནང་བ་དང་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ཟབ་མོ་ཚོར་ཐུབ།
ཁག་བདུན་པའི་བོད་སྐྱོར་ལས་དོན་སྤེལ་ཚུན། ཀྲུང་དབྱང་གི་པུའུ་ཨུད་དང་། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་ཁག གཞུང་ཁོངས་ཁེ་ལས་བཅས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་ཐོན་ལས་རྣམ་གྲངས་ཁག་དང་ཁག་བྱས་པ་དོན་འཁྱོལ་དང་དམངས་འཚོའི་འདུ་འགོད་རེ་རེ་བཞིན་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ནས་གངས་ལྗོངས་ས་མཐོའི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་། དམངས་འཚོ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་བཅས་བྱུང་ཡོད་པ་རེད།
དམངས་འཚོའི་བོད་སྐྱོར།
དམངས་སེམས་གཅིག་སྒྲིལ་གྱིས་ཞི་མཐུན་ལ་སྐུལ་འདེད་བཏང་བ།
ལྷ་སའི་སློབ་གསོ་གྲོང་དུ་གནས་པའི་པེ་ཅིང་ཚོད་ལྟའི་སློབ་འབྲིང་དུ་འགྲོ་སྐབས་བོད་རིགས་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་སློབ་ཁྲིད་ཁང་ཆེན་མིག་ལམ་དུ་འཆར་སྐབས་ཧང་སངས་དགོས་པ་ཞིག་དང་། སློབ་གྲྭའི་འཁོར་ར་ཁོར་ཡུག་ཚང་མ་སྔོ་ལྗང་གིས་བརྒྱན་པ། མི་སྣ་གསོ་སྐྱོང་གི་ཁོར་ཡུག་ཧ་ཅང་སྐྱིད་སྣང་དོད་པོ་ཡོད་པ་བཅས་མཐོང་ཐུབ།
དེང་རབས་ཅན་གྱི་སློབ་གྲྭ་དེ་ནི་པེ་ཅིང་གྲོང་ཁྱེར་གྱིས་སྒོར་དུང་ཕྱུར་2.5བཏང་ནས་རོགས་སྐྲུན་བྱས་པ་ཞིག་ཡིན་པ་དང་མཁྲེགས་ཆས་སྒྲིག་བཀོད་ཧ་ཅང་ཆ་ཚང་པོ་ཡོད་ཅིང་། རྒྱལ་ཡོངས་སྔོན་ཐོན་གྱི་གྲངས་གཞི་ཅན་གྱི་ཚོད་ལྟ་ཁང་དང་། མཁའ་རླུང་འདྲེན་ལམ་གྱི་ཚོད་ལྟ་ཁང་། བརྒྱུད་ལམ་སྣེ་མང་གི་སྙན་སྒྲོན་ཚོམས་ཆེན། རྩིས་འཁོར་སློབ་ཁང་3བཅས་ཡོད། དེ་དང་དུས་མཚུངས་སློབ་གྲྭའི་དོ་དམ་ཚོགས་པ་ནི་པེ་ཅིང་གྲོང་ཁྱེར་རྨང་གཞིའི་སློབ་གསོའི་ལྟེ་གནས་ཀྱི་སློབ་ཁྲིད་རིགས་གཅིག་མཁས་ཅན་དང་མི་དམངས་སློབ་ཆེན་ཞོར་གཏོགས་སློབ་འབྲིང་སོགས་ནས་ཡོང་བའི་རྐང་འཛིན་དགེ་རྒན་ལས་གྲུབ་པ་ཞིག་ཡིན། ཁོང་རྣམས་ཀྱིས་རྒྱལ་ནང་གི་སྔོན་ཐོན་སློབ་གཉེར་བྱེད་སྟངས་དང་སློབ་ཁྲིད་འདུ་ཤེས་བསྣམས་ནས་ས་མཐོའི་བུ་ཕྲུག་ཚོར་པེ་ཅིང་དང་འདྲ་བའི་སློབ་གསོའི་ཐོན་ཁུངས་རྩེ་གྲ་ལོངས་སྤྱོད་ཐུབ་པ་བྱེད་རྒྱུ་ཡིན་པ་རེད།
“སློབ་གསོ་ནི་དམངས་འཚོའི་གལ་ཆེ་ཤོས་ཤིག་ཡིན་པ་དང་སློབ་གསོའི་བོད་སྐྱོར་ནི་རྩ་བར་རོགས་སྐྱོར་བྱས་ནས་ཕན་པ་སྐལ་བརྒྱར་ཐོན་པའི་བྱ་བཟང་ཞིག་རེད”ཅེས་ཧྲང་ཧའེ་གྲོང་ཁྱེར་གྱི་ཁག་བདུན་པའི་བོད་སྐྱོར་ལས་དོན་རུ་ཁག་གི་སྤྱི་ཁྱབ་རུ་སྣེ་འཁྲིད་མཁན་ཏའེ་ཅིན་པིན་གྱིས་གསར་འགོད་པར་བརྗོད་བྱུང་།
ཧྲང་ཧའེ་ཡིས་ཁག་བདུན་པའི་བོད་སྐྱོར་ལས་ཀའི་གཙོ་གནད་ནི་དམངས་འཚོའི་གཙོ་གནད་དང་ཉམས་ཞན་ལྷུ་ཚིགས་ཡིན་པའི་སློབ་གསོར་དམ་འཛིན་ནན་པོ་བྱས་ཏེ་མ་དངུལ་བོད་སྐྱོར་ནས་རིག་ནུས་བོད་སྐྱོར་དང་། ཤེས་ལྡན་པའི་བོད་སྐྱོར། ཤེས་བྱའི་བོད་སྐྱོར་བཅས་ལ་བསྒྱུར་ནས་བོད་ཀྱི་འབྱུང་འགྱུར་ཆེད་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་ཧུར་ཐག་བྱས་ཡོད། ཧྲང་ཧའེ་ཡིས་བོད་སྐྱོར་ལས་དོན་གྱི་ནུས་ཤུགས་མང་ཆེ་བ་སློབ་གསོའི་བྱ་གཞག་ཐད་བཏོན་པ་མ་ཟད། དེའི་ཁྲོད་ནུས་ཤུགས་མང་ཆེ་བ་གཞི་རིམ་ལ་ཕྱོགས་ཡོད། རྒྱལ་རྩེ་དང་། གྲོ་མོ། ལྷ་རྩེ། ས་སྐྱ། དིང་རི་བཅས་རྫོང་ལྔའི་སློབ་གྲྭ་འབྲིང་ཆུང་ཁག་གཅིག་དང་ཧྲང་ཧའེ་གྲོང་ཁྱེར་གྱི་སློབ་གྲྭ་འབྲིང་ཆུང་ཁག་གཅིག་དབར་ཆ་སྒྲིག་མཉམ་སྐྲུན་གྱི་འབྲེལ་བ་བཙུགས་པས། གདེང་འཇོག་བཟང་པོ་རྒྱ་ཁྱབ་ངང་ཐོབ་ཡོད་པ་རེད།
ཧོ་པེ་ཞིང་ཆེན་གྱི་ཁག་བདུན་པའི་བོད་སྐྱོར་ལས་དོན་རུ་ཁག་གིས་བོད་སྐྱོར་མ་དངུལ་རྣམ་གྲངས་ཀྱི“གཟིགས་སྐྱོང་གཉིས”ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། 80%ཡན་གྱི་མ་དངུལ་དམངས་འཚོའི་ཐད་སྤྱོད་ཀྱི་ཡོད། སྔ་རྗེས་སུ་མ་དངུལ་སྒོར་ཁྲི་3870བཏང་ནས་མངའ་རིས་ས་ཁུལ་གྱི་གློག་བརྙན་ཟློས་གར་ཁང་བསྐྲུན་པ་དང་། མ་དངུལ་སྒོར་ཁྲི་1500བཏང་ནས་མངའ་རིས་ས་ཁུལ་གྱི་མ་བུ་བདེ་སྲུང་སྨན་ཁང་བསྐྲུན་པ། མ་དངུལ་སྒོར་ཁྲི་4800བཏང་ནས་རུ་ཐོག་དང་རྩྭ་མདའ་རྫོང་གཉིས་ཀྱི་བདེ་སྡོད་ལས་གྲྭ་དང་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་བྱས་པ། མ་དངུལ་སྒོར་ཁྲི་1920བཏང་ནས་རྩྭ་མདའ་རྫོང་གི་ཞིང་འབྲོག་ཁུལ་གྱི་འཐུང་ཆུའི་འདུ་འགོད་ལ་རྒྱབ་སྐྱོར་བྱས་པ། མ་དངུལ་སྒོར་ཁྲི་1740བཏང་ནས་རུ་ཐོག་དང་རྩྭ་མདའ་རྫོང་གཉིས་ཀྱི་གྲོང་ཚོའི་བཀོད་པ་ལེགས་སུ་བཏང་བ་རེད།
ལོ་གསུམ་རིང་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་དང་ཁེ་ལས་ཁག་གིས་གཞི་རིམ་དམངས་འཚོའི་རྣམ་གྲངས་ཐད་རྒྱབ་སྐྱོར་དང་རོགས་སྐྲུན་བྱེད་ཚད་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་མང་ཚོགས་ཀྱི་མཁོ་ཆེ་ས་དང་སེམས་ལ་བསམ་པ་ལྟར་བོད་སྐྱོར་ལས་དོན་སྒྲུབ་སྟབས། མི་རིགས་ཁག་གི་མང་ཚོགས་ཀྱི་དགའ་བསུ་ཚད་མེད་ཐོབ་པ་དང་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་རྨང་གཞི་བརྟན་དུ་ཕྱིན་ཡོད་པ་རེད།
རིག་ནུས་བོད་སྐྱོར།
རྣམ་པ་གསར་གཏོད་ཀྱིས་གསོན་ཤུགས་བྱིན་པ།
ཁག་བདུན་པའི་བོད་སྐྱོར་ལས་དོན་སྤེལ་རིང་། རང་ལྗོངས་ཀྱི་ཕུགས་ཀྱི་ཤེས་ལྡན་པ་འཕེལ་རྒྱས་ཀྱི་འདེགས་སྐྱོར་དང་རིག་ནུས་རྒྱབ་སྐྱོར་ལ་འགན་ལེན་བྱེད་ཆེད། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་ཡུན་རིང་བོད་སྐྱོར་དང་དུས་ཐུང་བོད་སྐྱོར་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས་གནས་སྦྱར་སྦྱོང་བརྡར་དང་སྤེལ་རེས་གསོ་སྦྱོང་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཤེས་ལྡན་པ་གསོ་སྦྱོང་གི་བོད་སྐྱོར་ལམ་སྲོལ་ཧུར་ཐག་བསྐྲུན་པ་དང“གདན་འདྲེན་པ”དང“ཕྱིར་སྐྱོད་པ”ཟུང་འབྲེལ་མཐའ་འཁྱོངས་བྱས་ནས་བོད་ཀྱི་ལས་བྱེད་པ་དང་ཤེས་ལྡན་པ་ཁྲི་2ལྷག་ཙམ་ནང་སར་སློབ་སྦྱོང་རྟོག་ཞིབ་དང་གནས་སྦྱར་སྦྱོང་བརྡར་བྱ་རྒྱུར་སྒྲིག་འཛུགས་བྱས་པ་རེད།
ལྷག་དོན་དུ་2015ལོར་ཀྲུང་དབྱང་རྩ་འཛུགས་པུའུ་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་སོགས་པུའུ་ཨུད་ཀྱིས་བོད་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ཅུང་རྗེས་ལུས་ཡིན་པའི་དོན་དངོས་ལ་དམིགས་ཏེ་གསར་གཏོད་ལྡན་པའི་སྒོ་ནས“ཚོགས་སྒྲིག་རྣམ་པའི”སྨན་བཅོས་ཤེས་ལྡན་པའི་བོད་སྐྱོར་ལས་དོན་སྤེལ་བས། ཤེས་ལྡན་པའི་བོད་སྐྱོར་བྱེད་ཚད་གཏིང་ཟབ་ཏུ་ཕྱིན་ཡོད། རོགས་སྐྱོར་བྱེད་སའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་ཤུགས་ཆེན་ཕྱིན་པ་དང་འབྲེལ་རིག་ནུས་བོད་སྐྱོར་གྱི་རྣམ་པ་གསར་རྐྱང་ཞིག་བཏོད་པས། དེ་རང་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཁྲི་300ལྷག་ཙམ་ལ་ཕན་པ་ཐོབ་པའི་དམངས་སེམས་འདུ་འགོད་དང་དམངས་འཚོའི་འདུ་འགོད་ཅིག་ཏུ་གྱུར་པ་རེད།
ཁག་བདུན་པའི་བོད་སྐྱོར་ལས་དོན་སྤེལ་ཚུན། ཧུའུ་ནན་ཞིང་ཆེན་གྱིས་ཆེད་མངགས་རིག་ནུས་བོད་སྐྱོར་འདི་ཉིད་རྣམ་གྲངས་གལ་ཆེན་ཞིག་ཏུ་བརྩིས་ནས་དོན་འཁྱོལ་བྱས་ཡོད། 2013ལོའི་ཟླ་7ནས་ད་བར་འཕྲོད་བསྟེན་དང་། སློབ་གསོ། རླུང་འཕྲིན་གློག་བརྙན་བརྙན་འཕྲིན། འགྲིམ་འགྲུལ། འཛུགས་སྐྲུན། ཁོར་ཡུག་སྲུང་སྐྱོང་སོགས་ཁོངས་གཏོགས་ནང་སྔ་རྗེས་སུ་ཆེད་ལས་ལག་རྩལ་ཤེས་ལྡན་པ་156ཁག་གསུམ་དུ་ཕྱེ་ནས་བཏང་ཡོད། དེ་དག་གིས་སྔོན་ཐོན་ལག་རྩལ་དང་། དོ་དམ་ཉམས་མྱོང་། ལས་ཀའི་བྱེད་ཐབས་བཅས་ཁྱེར་ཡོང་བ་མ་ཟད། ལྟ་བ་གསར་པ་དང་སྒྱུར་བཅོས་སྒོ་དབྱེ་བྱེད་སེམས་དྲག་པོ་ཁྱེར་ནས“བརྒྱུད་རོགས་འཁྲིད་གསུམ”བརྒྱུད། ལྷོ་ཁར་རིགས་ཁག་དང་རིམ་པ་ཁག་གི་ཤེས་ལྡན་མི་སྣ་350ལྷག་ཙམ་གསོ་སྐྱོང་བྱས་པ་རེད།
རེས་སྐོར་གསར་པའི་བོད་སྐྱོར་དུང་བརྡ་སླར་ཡང་སྒྲོག་སྐབས་དང་། བོད་སྐྱོར་གྲུབ་འབྲས་བོད་ཀྱི་ནང་སྐྱེས་སྒུལ་ཤུགས་དང་འཕེལ་རྒྱས་ཀྱི་གཏིང་ཤུགས་སུ་སྒྱུར་སྐབས། ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་། རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར། ང་ཚོའི་འབད་འཐབ་ལྷོད་མེད་བཅས་ལ་བརྟེན་ནས་གངས་ལྗོངས་ས་མཐོར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་བརྗིད་རྔམ་ལྡན་པའི་སྟོབས་ཤུགས་གཅིག་ཏུ་འགྲིལ་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཡོད།