ཚེས་12ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཀྱིས་སློབ་གསོའི་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་བཀོད་སྒྲིག་ཚོགས་འདུ་འཚོགས་པ་རེད།
ཚོགས་འདུའི་ཐོག་སློབ་གསོའི་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྤེལ་བ་ནི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དང་། ཤར་རྒྱུད་དང་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་བཞུགས་མོལ་ཚོགས་འདུའི་དགོངས་དོན། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་བྱ་སྤྱོད་གལ་ཆེན་ཞིག་རེད་ལ་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐབས་ལམ་ནུས་ལྡན་ཞིག་ཀྱང་རེད། ལྗོངས་ཡོངས་ཀྱི་རིམ་ཁག་སློབ་གསོ་ཁོངས་གཏོགས་ཀྱིས་སློབ་གསོའི་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ཡག་པོ་སྤེལ་རྒྱུའི་དོན་སྙིང་གལ་ཆེན་ངོས་འཛིན་གང་ལེགས་བྱེད་པ་དང་། ཆབ་སྲིད་ཀྱི་འདུ་ཤེས་དང་། ཁྱོན་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་བརྟན་པོར་འཛུགས་པ། རང་འགུལ་ངང་བྱས་རྗེས་འཇོག་པ་དང་འགན་ཁུར་ཕོད་པ་བཅས་བྱས་ནས་རིམ་པ་གཅིག་གིས་གཅིག་ལ་དམ་འཛིན་བྱེད་པ་དང་། རིམ་པ་གཅིག་གིས་གཅིག་ལ་སྐུལ་འདེད་གཏོང་བ། ལས་བགོས་བརྒྱབ་ནས་རོགས་ལས་བྱེད་པ། ཐུན་མོང་ཐོག་སྐུལ་འདེད་གཏོང་བ་བཅས་ཀྱི་ལས་ཀའི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱེད་དགོས། བླང་བྱ་གསར་པ་གཞིར་བཟུང་སློབ་གསོའི་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་དམིགས་ཚད་དང་ལས་འགན་ལེགས་སྒྲིག་བྱེད་དགོས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་མ་ཟད། ད་དུང་ཁ་གཏད་རོགས་སྐྱོར་འབྲེལ་བ་ཁ་གསལ་བཟོས་ནས་ལས་དོན་ལ་དམ་འཛིན་ནན་པོ་དང་དམ་འཛིན་ཏན་ཏིག་བྱས་ནས། དམ་འཛིན་ལ་ཕན་འབྲས་ཐོན་ཐུབ་པ་བྱེད་དགོས། གོ་སྐབས་དམ་བཟུང་གིས་དཀའ་ངལ་ཡོད་པ་ཤེས་བཞིན་དུ་མུ་མཐུད་མདུན་དུ་བསྐྱོད་དེ་ཚན་ཁག་ཧྲག་པོ་བཀོད་སྒྲིག་དང་། སྒྱུར་བཅོས་གསར་གཏོད། མ་དངུལ་འགན་ལེན། ཚོགས་པ་མཉམ་འདྲེས། ཤེས་ལྡན་པ་གསོ་སྐྱོང་། དྲིལ་བསྒྲགས་ཤུགས་ཆེན་སོགས་ཐད་འབད་བརྩོན་ལྷོད་མེད་བྱས་ནས་ལས་དོན་དོན་ཐོག་ཏུ་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་རང་ལྗོངས་ཀྱི་སློབ་གསོའི་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་ནན་བཤད་བྱས་པ་རེད།