ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《སྲིད་དོན་ཡོངས་བསྒྲགས་ལས་དོན་ནང་སྲིད་དོན་གནས་ཚུལ་ལ་ལན་རྒྱག་རྒྱུའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་གི་སྲིད་དོན་གནས་ཚུལ་ལ་ལན་རྒྱག་རྒྱུའི་ལས་དོན་བཀོད་སྒྲིག་བྱས་པ་རེད།
《བརྡ་ཐོའི》ནང་དྲ་སྦྲེལ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པར་བརྟེན་བརྒྱུད་བསྒྲགས་བྱེད་ཐབས་གསར་པ་རྒྱུན་ཆད་མེད་པར་ཐོན་པ་དང་སྲིད་གཞུང་གི་སྲིད་ཇུས་ལག་བསྟར་ཁོར་ཡུག་ལའང་འགྱུར་ལྡོག་གཏིང་ཟབ་ཕྱིན་པ་མ་ཟད། གནས་ཚུལ་ཐོན་ཚད་ཀྱང་མང་དུ་ཕྱིན་པས། སྲིད་དོན་ཡོངས་བསྒྲགས་དང་སྲིད་དོན་གནས་ཚུལ་ལ་ལན་རྒྱག་རྒྱུའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་སྲིད་གཞུང་གི་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་རྒྱུའི་ནང་གནས་ཀྱི་བླང་བྱར་གྱུར་ཡོད་ཅེས་བསྟན་ཡོད།
《བརྡ་ཐོའི》ནང་སྲིད་དོན་གནས་ཚུལ་ལ་ལན་རྒྱག་རྒྱུའི་འགན་འཁྲི་སྔར་བས་ཁ་གསལ་བཏོན་ཞིང། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་འབྲེལ་བའི་སྲིད་ཇུས་གལ་ཆེན་དང་ཐབས་ཇུས་བཀོད་སྒྲིག་གལ་ཆེན་གྱི་སྲིད་དོན་གནས་ཚུལ་ཐད་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་ནི་འགན་འཁྲིའི་བྱེད་པོ་དང་པོ་ཡིན་པ་དང་། ས་གནས་དང་འབྲེལ་བའི་སྲིད་དོན་གནས་ཚུལ་ཐད་གཏོགས་ཁོངས་དོ་དམ་དང་། རིམ་དབྱེ་འགན་ཁུར། སུས་གཙོ་འགན་ཁུར་ན་དེས་འགན་ཁུར་བ་བཅས་ཀྱི་རྩ་དོན་གཞིར་བཟུང། ལན་རྒྱག་དགོས་པ་དང་དོན་དེ་དང་འབྲེལ་བའི་སྡེ་ཚན་ནི་འགན་འཁྲིའི་བྱེད་པོ་དང་པོ་ཡིན་པ། ཧ་ཅང་གལ་འགངས་ཆེ་བའི་སྲིད་དོན་གནས་ཚུལ་ཐད་རིམ་པ་དེའི་སྲིད་གཞུང་གི་འགན་འཁུར་བ་གཙོ་བོའི་བློ་མཐུན་གྱིས་འགོ་ཁྲིད་ཀྱི་འགན་ཁུར་ནས་མཛུབ་ཁྲིད་དང་། མཐུན་སྦྱོར། ལྟ་སྐུལ་བཅས་ཀྱི་སྒོ་ནས་འབྲེལ་ཡོད་སྡེ་ཚན་གྱི་གནས་ཚུལ་ལ་ལན་རྒྱག་པའི་ལས་དོན་ཡག་པོ་སྒྲུབ་དགོས་པ་བཅས་བཏོན་ཡོད།
《བརྡ་ཐོའི》ནང་གཙོ་གནད་ཐོག་ལན་རྒྱག་མཁོ་བའི་སྲིད་དོན་གནས་ཚུལ་གྱི་ཚད་གཞི་སྟངས་འཛིན་བྱེད་དགོས་པའི་བླང་བྱ་བཏོན་ཞིང་། སྲིད་གཞུང་དང་དེའི་སྡེ་ཚན་གྱི་སྲིད་ཇུས་བྱེད་ཐབས་གལ་ཆེན་ཐད་གོ་ནོར་ཀློག་ནོར་ཤོར་རིགས་དང་། སྤྱི་དམངས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་ལ་ཤུགས་རྐྱེན་ཚབས་ཆེན་བཟོ་རིགས། དམངས་འཚོའི་ཁྱབ་ཁོངས་དང་འབྲེལ་བའི་སྤྱི་ཚོགས་ཀྱི་ཀུན་སྤྱོད་མཐའ་ཚད་ལ་ཤུགས་རྐྱེན་ཚབས་ཆེན་བཟོ་རིགས། ཐོལ་བྱུང་དོན་རྐྱེན་ཐག་གཅོད་དང་རང་བྱུང་གནོད་འཚེར་ཁ་གཏད་གཅོག་རིགས། གོང་རིམ་སྲིད་གཞུང་གིས་འོག་རིམ་སྲིད་གཞུང་ལ་བླང་བྱ་བཏོན་ནས་རང་འགུལ་ངང་ལན་རྒྱག་དགོས་པའི་སྲིད་དོན་གྱི་གནས་ཚུལ་སོགས་ལ་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་གཙོ་གནད་ཐོག་ལན་རྒྱག་དགོས་པ། གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་བརྒྱུད་རིམ་ནང་དཔེར་ན། སྤྱི་ཚོགས་སྒྲིག་ལམ་དང་རྒྱལ་ཁབ་ཀྱི་ཁེ་ཕན་ལ་གནོད་པའི་དཀྲོག་གཏམ་བཟོ་བ་དང་དཀྲོག་གཏམ་ཁྱབ་བསྒྲགས་བྱེད་པའི་བྱེད་སྤྱོད་ཤེས་རྟོགས་བྱུང་ཚེ། འབྲེལ་ཡོད་སྡེ་ཚན་གྱིས་འཕྲལ་དུ་ཐག་གཅོད་བྱེད་པ་དང་ཆབས་ཅིག་འབྲེལ་ཡོད་གནས་ཚུལ་དང་ཁུངས་སྣེ་སྤྱི་བདེ་ལས་ཁུངས་དང་དྲ་ཐོག་ལྟ་སྐུལ་དོ་དམ་སྡེ་ཚན་ལ་རྩིས་སྤྲད་དེ་བཅའ་ཁྲིམས་སྒྲིག་སྲོལ་ལྟར་ཞིབ་བཤེར་ཐག་གཅོད་བྱེད་དགོས་པ་བཏོན་ཡོད།
《བརྡ་ཐོའི》ནང་སྲིད་དོན་གནས་ཚུལ་ལ་ལན་རྒྱག་པའི་ཕན་འབྲས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཞིང་། ཧ་ཅང་ཚབས་ཆེ་བ་དང་ཐོལ་བྱུང་དོན་རྐྱེན་དང་འབྲེལ་བའི་སྲིད་དོན་གནས་ཚུལ་མགྱོགས་མྱུར་ཤེས་རྟོགས་དང་མགྱོགས་མྱུར་ལན་སློག་དགོས་པ་དང་འགོར་ཤོས་སུ་ཡང་ཆུ་ཚོད་24ནང་གསར་འགྱུར་ཡོངས་བསྒྲགས་ཀྱི་ཚོགས་འདུ་འཚོགས་དགོས་པ་དང་། དེ་མིན་གྱི་སྲིད་དོན་གནས་ཚུལ་ཆུ་ཚོད་48ནང་ལན་རྒྱག་པ་དང་འབྲེལ་ལས་ཀའི་འཕེལ་རིམ་གནས་ཚུལ་གཞིར་བཟུང་དབང་གྲགས་ཆ་འཕྲིན་བསྟུད་མར་ཁྱབ་བསྒྲགས་བྱེད་དགོས་པ། ལན་སློག་རྒྱུའི་ནང་དོན་དེ་གླེང་ཕྱོགས་ཀྱིས་དོ་ཁུར་བྱེད་པའི་མདོ་གནས་དང་། གླེང་མང་བ། འགག་རྩའི་གནད་དོན་བཅས་ལ་དམིགས་ཏེ་དངོས་ཐོག་བདེན་འཚོལ་དང་། སྐད་ཆར་ཁུངས་ཡོད་པ། འབེན་ཡོད་སར་མདའ་འཕེན་ཐུབ་པ་བཅས་བྱེད་དགོས་པ། གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའམ་ཡང་ན་བརྡ་ཁྱབ་ཚོགས་འདུ་འཚོགས་ནས་ལན་རྒྱག་དགོས་རིགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བའམ་ཡང་ན་གསར་འགྱུར་མགྲིན་ཚབ་པ་ཞུགས་དགོས་པ། མདུན་དུ་དོན་ནས་ལན་འདེབས་མཁན་སྲིད་གཞུང་ལས་དོན་མི་སྣར་དུས་ཚོད་ངེས་ཅན་སྤྲོད་དགོས་པ་དང་ཤོད་ནོར་ཐེབས་ཀྱང་གུ་ཡངས་ཀྱི་རྣམ་འགྱུར་འཛིན་དགོས་པ་བཅས་བཏོན་ཡོད།