ཚེས་12ཉིན་ཁྲང་ཁྲུན་རྒྱལ་སྤྱིའི་ཞིང་ལས་འགྲེམས་ཚོགས་སྐབས་བཅོ་ལྔ་པ་འགོ་ཚུགས་ནས་ཉིན་དང་པོ་ཁོ་ནར་མི་ཁྲི་20.7ལྟ་སྐོར་ལ་སླེབས་པ་དང་ཁེ་ལས་1813འགྲེམས་སྟོན་ལ་ཞུགས་ཡོད་པ་རེད། ཉིན་དེའི་ཕྱི་དྲོ། འབྲུ་རིགས་དང་སྲན་རིགས་ཀྱི་སྤུས་རྟགས་འཐབ་ཇུས་འཆར་འགོད་ཁྱབ་བསྒྲགས་ཚོགས་འདུ་དང་2016ལོའི་ཀྲུང་གོ•ཅི་ལིན་སྤུས་རྟགས་ཞིང་ལས་མཐོ་རིམ་གླེང་སྟེགས་འཚོགས་པ་རེད།
ཀྲུང་གོ་ཁྲང་ཁྲུན་རྒྱལ་སྤྱིའི་ཞིང་ལས•བཟའ་བཅའི་འགྲེམས་ཚོགས(ཉོ་ཚོང)2000ལོར་གཉེར་འགོ་ཚུགས་ཤིང་། ཞིང་ལས་པུའུ་དང་། ཅི་ལིན་ཞིང་ཆེན་སྲིད་གཞུང་། ཁྲང་ཁྲུན་གྲོང་ཁྱེར་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱེད་ཀྱི་ཡོད། “ཚན་རྩལ་དང་ལྗང་མདོག་དང་། སྤེལ་རེས་དང་འཕེལ་རྒྱས། རིག་གནས་དང་དཔལ་འབྱོར་ཉོ་ཚོང་། སྤུས་ཚད་དང་བདེ་འཇགས”བཅས་བརྗོད་དོན་གཙོ་བོར་བྱས་པའི་སྐབས་འདིའི་ཞིང་ལས་འགྲེམས་ཚོགས་དུས་ཡུན་ཉིན་10འཚོག་རྒྱུ་དང་བྱེད་ནུས་གཞིར་བཟུང་གཙོ་དོན་ཆེན་པོ་དྲུག་དང་། ནང་གསེས་ཁག་28དབྱེ་ཡོད། འགྲེམས་ཚོགས་ཐོག་སྨི་ངོས་གྲུ་ཁྲི་5ལྷག་ཙམ་གྱི་ཞིང་འཕྲུལ་དང་ཞིང་ལས་མཐོ་གསར་ལག་རྩལ་སྒྲིག་ཆས་འགྲེམས་སྟོན་དང་། གྲོང་གསེབ་ཀྱི་ནུས་རྒྱུ་གསར་པའི་སྒྲིག་ཆས་འགྲེམས་སྟོན། ཞིང་ལས་རྒྱུ་ཆ་འགྲེམས་སྟོན། དེང་རབས་ཞིང་ལས་སྒྲིག་བཀོད་འགྲེམས་སྟོན་སོགས་བྱ་རྒྱུ་དང་། སྨི་ངོས་གྲུ་ཁྲི་6གི་དྲོད་ཁང་ནང་ལྡུམ་རའི་སྒྱུ་རྩལ་སྒྲིག་བཀོད་ཞིང་ལས་དང་། མཐོ་གསར་ལག་རྩལ་ཞིང་ལས། ལྟ་སྐོར་སྤྲོ་གསེང་ཞིང་ལས་བཅས་གཅིག་སྡུད་ཐོག་འགྲེམས་སྟོན་བྱ་རྒྱུ། ཀྲུང་གོ་དང་ཨུ་རུ་སུའི་དེང་རབས་ཞིང་ལས་འཕེལ་རྒྱས་གླེང་སྟེགས་དང་ཀྲུང་གོའི་མ་རྨོས་ལོ་ཏོག་ཐོན་ལས་འགྲེམས་ཚོགས་སྐབས་བཞི་པ་སོགས་བྱེད་སྒོ་ཁག་བཅུ་གྲངས་གཉེར་རྒྱུ་ཡིན་པ་རེད།