“ཨ་མ་ལགས། ཨ་མ་ལགས། སྐུ་ཉིད་ཐུགས་བློ་བདེ་བར་མཛོད། ཡར་ཀླུང་གཙང་པོར་ང་ཡི་བརྩེ་སེམས་གནས། ཇོ་མོ་གླང་མའི་འདབས་ནི་ང་ཡི་ཕ་ཡུལ་ཡིན”
《ཇོ་མོ་གླང་མའི་འདབས་ནི་ང་ཡི་ཕ་ཡུལ་ཡིན》ཞེས་པའི་བརྩེ་བ་ཟབ་པའི་གླུ་གཞས་དེ་ནི་ཅི་ལིན་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པའི་ཁྲོད་དུ་གཏོང་བཞིན་ཡོད་པ་དང་གླུ་གཞས་དེ་གསར་རྩོམ་བྱེད་མཁན་ཅི་ལིན་ཞིང་ཆེན་གྱི་ཁག་ལྔ་པའི་བོད་སྐྱོར་ལས་དོན་པའི་རུ་སྣེ་འཁྲིད་མཁན་དང་། གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་ཧྲི་ཀྲང་གཞོན་པ་ཧན་དབྱང་རེད།
ཧན་དབྱང་གིས་སྔ་རྗེས་སུ་གྲོང་ཁྱེར་རིག་གནས་ཅུས་དང་། ཁོར་ཡུག་སྲུང་སྐྱོང་ཅུས། ནང་སྡོད་ཕྱི་གླིང་པའི་གཞུང་ལས་ཁང་། ཡུལ་སྐོར་ཅུས། རླུང་འཕྲིན་བརྙན་འཕྲིན་ཅུས། རིག་གནས་ཁྲོམ་རའི་ཕྱོགས་བསྡུས་ཁྲིམས་འཛིན་རུ་ཆེན་བཅས་སུ་ལས་ཀའི་འགན་འཁུར་བ་དང་ཁོང་གི་གཙོ་སྐྱོང་དང་མཐུན་སྦྱོར་འོག་ལས་ཀར་གྲུབ་འབྲས་ཡག་པོ་ཐོབ་པ་སྟེ།
རྒྱ་གར་གཞུང་ཕྱོགས་ཀྱི་གནས་སྐོར་བར་རྣ་ཤོས་ལ་སྒོ་མོ་འབྱེད་རྒྱུ་དང་མངའ་རིས་ཀྱི་གནས་རི་བླ་མཚོར་གནས་སྐོར་འགྲོ་བའི་ལས་དོན་ཐོག་མར་བསྒྲུབས་ཤིང་། རྒྱ་གར་གཞུང་ཕྱོགས་ཀྱི་གནས་སྐོར་བ་མི་གྲངས་240ཁག་ལྔ་ལ་བགོས་ནས་སྣེ་ལེན་ཞུས་པར་ཕྱི་འབྲེལ་པུས་གློག་འཕྲིན་བཏང་ནས་བསྔགས་བརྗོད་བྱས་པ་དང་།
གཞིས་རྩེའི་སྐབས་དང་པོའི“རིག་གནས་ལས་དོན་གྱི་བཞུགས་མོལ་ཚོགས་འདུ”འཚོགས་ཏེ་ས་གནས་ཀྱི་ཡུལ་སྲོལ་གོམས་འདྲིས་མཚོན་པའི《ཡིད་དབང་འཕྲོག་པའི་གཙང》ཞེས་པའི་དཔེ་ཚོགས་རྩོམ་སྒྲིག་དང“ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན”སྐབས་གསུམ་གྲུབ་འབྲས་ཐོབ་པའི་ངང་གཉེར་བ།
ཁོར་ཡུག་སྲུང་སྐྱོང་གི་ཚད་གཞི་མ་ལོན་པའི་ཁེ་ལས་ལ་བྱང་བུ་བཀལ་ནས་བཅོས་སྒྲིག་ལྟ་སྐུལ་བྱས་པ་དང་ཁོར་ཡུག་ལ་ལྟ་ཞིབ་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བས་ཞིབ་བཤེར་ཚད་ལེན་གྱི་ཆུ་ཚད་མངོན་གསལ་དོད་པོས་གོང་མཐོར་ཕྱིན་པ་སོགས་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས“ས་མཐོར་ལས་དོན་སྒྲུབ་པར་དཀའ་ངལ་ཆེ་ཤོས་ནི་གསོ་རླུང་མི་འདང་བ་དང་རྩ་ཆེ་ཤོས་ནི་སྙིང་སྟོབས་རེད”ཅེས་པའི་བཀའ་མོལ་ལ་བརྟེན་ནས་ཧན་དབྱང་གིས་ཐོག་མཐའ་བར་གསུམ་དུ་རང་ཉིད་ལ་ལྕག་སྐུལ་གཏོང་གི་ཡོད།
ཁོང་གི་ལས་ཀའི་འབྲེལ་གཏུག་ས་ཚིགས་ནི་ས་བབ་སྨི་4510ཡི་ས་དགའ་རྫོང་ཡིན་པ་དང་རང་བྱུང་ཆ་རྐྱེན་ཧ་ཅང་དཀའ་ཚེགས་ཆེ་ཡང་རྟག་ཏུ་གཞི་རིམ་དུ་བསྐྱོད་དེ་དམངས་ཀྱི་གནས་ཚུལ་རྟོག་ཞིབ་དང་། དམངས་ཀྱི་དཀའ་སྡུག་འདྲི་བ། དམངས་ཀྱི་དཀའ་ངལ་སེལ་བ་བཅས་ལྷག་བསམ་རྣམ་དག་ངང་མང་ཚོགས་ལ་རོགས་རམ་བྱས་ཏེ་དཀའ་ངལ་དངོས་ཐག་གཅོད་བྱེད་རོགས་བྱེད་ཀྱི་ཡོད།
བོད་སྐྱོར་བྱེད་རིང་ཧན་དབྱང་གིས་ཅི་ལིན་ཞིང་ཆེན་གྱི་ཁག་ལྔ་པའི་བོད་སྐྱོར་ལས་དོན་རུ་ཁག་གི་སྣེ་ཁྲིད་དེ་རང་གི་མིག་ལ་གཅེས་པ་བཞིན་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱས་ནས“བོད་སྐྱོར་བརྩེ་སེམས་·གཉེན་ཉེ་གཅིག་ལྟར”གྱི་མི་རིགས་མཐུན་སྒྲིལ་སྲོལ་གཏོད་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་ནས“བརྩེ་བ་ཟབ་པའི་བོད་སྐྱོར”གྱི་འདུ་ཤེས་བཏོན་པ་དང་ཆབས་ཅིག་ལས་དོན་ཁག་ལ་ཁྱབ་པར་བྱས་པ་རེད།
ཐེངས་ཤིག་ཧན་དབྱང་གིས་རུ་སྣེ་ཁྲིད་དེ་བརྟག་ཞིབ་ཏུ་སྐྱོད་སྐབས་དིང་རི་རྫོང་གི་བརྒྱུད་དུ་མིང་ལ་ཉི་མ་ནོར་བུ་ཟེར་བའི་བོད་རིགས་སྤུན་ཟླ་ཞིག་ཕྲད་པ་དང་ཁོང་ཚེ་གང་པར་རྒྱག་མྱོང་མེད་པ་ཤེས་སྐབས། ཧན་དབྱང་གིས་ཉི་མ་ནོར་བུར་མི་ཚེའི་ནང་གི་པར་ཐེངས་དང་པོ་དེ་བརྒྱབ་པ་དང་ཕྱིས་སུ་བརྟག་ཞིབ་བྱེད་རིང་པར་ཁོང་གི་ཁྱིམ་དུ་བསྐྱལ་བ་རེད། དེ་རྗེས་བོད་སྐྱོར་ལས་བྱེད་པའི་ལྟེ་གནས་ཚོགས་ཆུང་གིས་ཡིག་ཆ་བཀྲམས་ནས“མཛའ་བརྩེའི་པར་རང་དགར་རྒྱག་པའི”བྱེད་སྒོ་སྤེལ་བ་རེད། མིག་སྔར་ཅི་ལིན་གྱི་བོད་སྐྱོར་ལས་བྱེད་པས་མཛའ་བརྩེའི་པར་སྟོང་ཕྲག་བརྒྱབ་ཡོད་པ་རེད།
ཅི་ལིན་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་གིས་ཞིང་ཆེན་ནང་ཁོངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་གཞོགས་འདེགས་ཧུར་ཐག་བྱས་ནས་2012ལོར་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་19ལ་སྨན་བཅོས་བྱས་པ་དང་། གཞིས་རྩེ་གྲོང་ཁྱེར་དུ་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་རིན་མེད་སྨན་བཅོས་བྱས་པ། མི་གྲངས་97ལ་བརྟག་དཔྱད་རགས་ཙམ་བྱས་པ། མི་གྲངས་30ལ་གཤགས་བཅོས་བྱས་པ། མི་གྲངས་140ལ་ཡང་བསྐྱར་བརྟག་དཔྱད་བྱས་པ་རེད།
གཞིས་རྩེ་གྲོང་ཁྱེར་སློབ་འབྲིང་གསུམ་པའི་དཀའ་ངལ་ཡོད་པའི་སློབ་མ་ཕུལ་བྱུང་དང་། བོད་ཀྱི་ལོང་བའི་སློབ་གྲྭའི་སློབ་མ། མི་ཧྲེང་རྒན་རྒོན་སོགས་སྤྱི་ཚོགས་ཀྱི་ཉམས་ཞན་ཚོགས་སྤྱིའི་མི་གྲངས་200ལྷག་ཙམ་དང་གཉེན་ཉེ་བྱེད་པའི་བྱེད་སྒོ་སྤེལ་ནས་དངུལ་དང་དངོས་པོ་སྒོར་ཁྲི་60ལྷག་ཙམ་ཞལ་འདེབས་བརྒྱབ་པ་རེད།
“བོད་དུ་ལས་ཀ་བྱེད་རིང་བོད་ཀྱི་ཆེད་དུ་ལས་དོན་བསྒྲུབས་པ་ཡིན། ང་ས་གཞི་འདིར་དགའ་ཞེན་ཆེན་པོ་ཡོད་ལ་འདིར་ཡོད་པའི་མི་དམངས་ལ་བརྩེ་བ་ཟབ་མོ་ཡོད། འདི་གར་ངས་སེམས་ཁྲལ་བྱེད་པའི་མིའང་ཡོད”ཅེས་ཧན་དབྱང་གིས་བརྩེ་བ་ཟབ་མོའི་སྒོ་ནས་བརྗོད།