དབུ་ཤོག>གསར་འགྱུར།
  • ​ བྱང་ཆུབ་པའི་སྨན་བཅོས་ལག་རྩལ་ལས་བྱིས་པར་བདེ་བ་སྦྱིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-08-12

    ཧོའུ་ཝུན་དབྱིན་ནི་རྒྱལ་སའི་བྱིས་ནད་ཚན་ཁག་ཞིབ་འཇུག་ཁང་གི་སྨན་པ་ཞིག་ཡིན་པ་དང་། པེ་ཅིང་གྲོང་ཁྱེར་གྱིས་ཁག་བདུན་པའི་དུས་ཐེངས་གཉིས་པའི་བོད་སྐྱོར་སྨན་བཅོས་རུ་ཁག་སྒྲིག་འཛུགས་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་རྗེས་ཁོང་གིས་ཐེ་ཚོམ་སྤུ་ཙམ་མེད་པར་མིང་ཐོ་བཀོད་ཡོད་པ་རེད།

    2014ལོའི་ཟླ་8པར། བོད་སྐྱོར་སྨན་བཅོས་རུ་ཁག་ལྷ་སར་བདེ་བླག་ངང་འབྱོར། དུས་ཐུང་ངལ་གསོ་བརྒྱབ་རྗེས། ས་མཐོ་འཕྲོད་ཐབས། གསོ་སྦྱོང་། རྩིས་སྤྲོད་རྩིས་ལེན་བཅས་བྱས་པ་བརྒྱུད་ཧོའུ་ཝུན་དབྱིན་གྱིས་ལས་རོགས་ཚོ་དང་མཉམ་དུ་ལས་ཀ་བྱ་ཡུལ་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་མི་དམངས་སྨན་ཁང་དུ་བསྐྱོད། ཁོང་གི་ལས་འགན་ནི་སྟོད་ལུང་བདེ་ཆེན་ཆུས་མི་དམངས་སྨན་ཁང་ལ་རོགས་སྐྱོར་བྱས་ཏེ་ཁོག་ཤེལ་གཤགས་བཅོས་བྱ་རྒྱུ་དེ་ཡིན་པ་རེད།

    ཧོའུ་ཝུན་དབྱིན་གྱི་མཛུབ་ཁྲིད་དང་རོགས་སྐྱོར་འོག་སྟོད་ལུང་བདེ་ཆེན་ཆུས་མི་དམངས་སྨན་ཁང་བྱིས་ནད་ཚན་ཁག་གི་སྨན་བཅོས་ཆུ་ཚད་མཐོ་རུ་ཤུགས་ཆེན་ཕྱིན་ནས་མཁྲིས་ནད་གཤགས་བཅོས་བྱེད་སྐབས་ཕྱི་ནས་རིགས་གཅིག་མཁས་ཅན་གདན་འདྲེན་ཞུ་བའི་ལོ་རྒྱུས་མཇུག་འགྲིལ་བ་རེད།

    བོད་སྐྱོར་བྱས་ཚུན། ཧོའུ་ཝུན་དབྱིན་གྱིས་རང་འཁྲིའི་ལས་ཀ་ཡག་པོ་བྱེད་པ་དང་དུས་མཚུངས། བོད་ཀྱི་སྨན་བཅོས་བྱ་གཞག་ལ་སྟོབས་ཤུགས་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། ཐག་རིང་ལུང་ཁུག་ཞིང་འབྲོག་ཁུལ་གྱི་ཞིང་འབྲོག་པ་དང་དགོན་སྡེའི་གྲྭ་བཙུན་སྨན་པ་བསྟེན་དཀའ་བ་དང་། ལམ་ཐག་རིང་བ། གནད་དོན་ཐག་གཅོད་བྱ་ཆེད། ཧོའུ་ཝུན་དབྱིན་གྱིས་པེ་ཅིང་བོད་སྐྱོར་སྨན་བཅོས་རུ་ཁག་སྒྲིག་འཛུགས་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ་སྟོད་ལུང་བདེ་ཆེན་ཆུས་ཆུ་བཟང་གྲོང་ཚོར་འོས་འགན་ནད་བརྟག་སྨན་བཅོས་བྱས་པ་དང་། ས་བབ་མཐོ་ཚད་སྨི་4600ཡོད་པའི་མཚུར་ཕུ་དགོན་དུ་བསྐྱོད་དེ་གྲྭ་བཙུན་ཚོར་འོས་འགན་སྨན་བཅོས་བྱས་ཤིང་། འདམ་གཞུང་རྫོང་གི་བོད་སྐྱོར་རུ་ཁག་ལ་གཞོགས་འདེགས་བྱས་ཏེ་བྱིས་པའི་ལྷན་སྐྱེས་དཔྱི་ཚིགས་ཀྱི་གནས་འགྱུར་བའི་རིགས་བརྟག་དཔྱད་དང་སྨན་བཅོས་ལས་ཀ་ལེགས་སྒྲུབ་བྱས་པ་དང་འབྲེལ་ས་གནས་དེ་གའི་ཕྲུ་གུ་ཚོར་གཤགས་བཅོས་ཐེངས་གཉིས་པ་བྱས་ཡོད་པ་རེད། 2015ལོའི་ཟླ་3པར། སྟོད་ལུང་བདེ་ཆེན་ཆུས་སུ་ལྷན་སྐྱེས་སྐྱོན་ཅན་གྱི་ནད་གཞི་ཕོག་པའི་བྱིས་པར་བརྟག་དཔྱད་བྱེད་པའི་ལས་དོན་སྤེལ་བའི་ནང་ཧོའུ་ཝུན་དབྱིན་གྱིས་ལྷན་སྐྱེས་སྐྱོན་ཅན་གྱི་ནད་གཞི་ཕོག་པའི་བྱིས་པ་པེ་ཅིང་དུ་སྨན་བཅོས་བྱེད་པར་སྐྱེལ་རོགས་བྱས་པ་དང་ནད་པ་11དྲག་སྐྱེད་བྱུང་ཡོད་པ་རེད། བོད་ནས་ཁ་བྲལ་ལ་ཉེ་བའི་གཟའ་འཁོར་གཉིས་གོང་ཁོང་གིས་སྟོད་ལུང་བདེ་ཆེན་ཆུས་ཀྱི་ནད་གཞི་ཕོག་པའི་བྱིས་པར་གཤགས་བཅོས་ཐེངས་གཉིས་པ་བྱས་པ་དང་འདམ་གཞུང་རྫོང་གི་ནད་གཞི་ཕོག་པའི་བྱིས་པར་གཤགས་བཅོས་ཐེངས་གསུམ་པ་བྱས་ཡོད་པ་རེད།

    ལོ་གཅིག་གི་བོད་སྐྱོར་དུས་ཚོད་མགྱོགས་པོ་མཇུག་འགྲིལ་ཞིང་། ལྷ་ས་ནས་ཁ་བྲལ་རྗེས་ཧོའུ་ཝུན་དབྱིན་གྱི་སེམས་པ་སྟོང་ལྷང་ལྷང་དུ་གྱུར།

    2015ལོའི་ཟླ་8ཚེས་19ཉིན། ཧོའུ་ཝུན་དབྱིན་སླར་ཡང་པེ་ཅིང་གྲོང་ཁྱེར་གྱི་ཁག་ཐེངས་དང་པོའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་ཚོགས་པ་དང་མཉམ་དུ་ལྷ་སར་ཡོང་ནས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་བྱིས་ནད་ཚན་ཁག་གི་ཀྲུའུ་རེན་གྱི་འགན་ཁུར་བ་རེད།

    “བོད་དུ་བྱིས་ནད་ཚན་ཁག་སྨན་ཁང་མེད་པས་ང་ཚོའི་བྱིས་ནད་ཚན་ཁག་གི་དཔུང་ཁག་གི་ལས་འགན་དེ་བས་ལྕི་པོ་ཡོད”ཅེས་ཧོའུ་ཝུན་དབྱིན་གྱིས་བཤད། ལོ་དེའི་ཟླ་11པར་ཧོའུ་ཝུན་དབྱིན་གྱི་རོགས་སྐྱོར་འོག་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གིས་ཁུང་གཉིས་ལག་རྩལ་ཁོག་ཤེལ་གཤགས་བཅོས་ཐོག་མ་དེ་བྱས་པ་དང་གཤགས་བཅོས་བྱ་ཡུལ་གྱི་ཕྲུ་གུ་དམར་འབྱར་དེ་རང་སྐྱོང་ལྗོངས་སུ་ལོ་ཆུང་ཤོས་ཀྱི་ནད་པ་ཡིན་པ་རེད། གཞན་ཡང་ཧོའུ་ཝུན་དབྱིན་གྱིས་སྣེ་འཁྲིད་པའི་བྱིས་པའི་ཕྱི་ནད་ཚན་ཁག་རུ་ཁག་གིས་བྱིས་པའི་ལྷན་སྐྱེས་སྐྱོན་ཅན་གྱི་ནད་པ་2ལ་གཤགས་བཅོས་བྱས་ཡོད་པ་རེད།

    དཀའ་སྤྱད་འབད་བརྩོན་བྱས་མཐར་གྲུབ་འབྲས་ཡག་པོ་ཐོབ་ཅིང་། ཧོའུ་ཝུན་དབྱིན་དང་སྨན་ཁང་ལས་རོགས་ཚོའི་ཐུན་མོང་འབད་བརྩོན་འོག མིག་སྔ་བར། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གཅིག་པུས་བྱིས་པའི་རྨ་ཕྲན་གཤགས་བཅོས་ཐེངས་50ལྷག་ཙམ་བྱས་པ་དང་། ཕྱི་ནད་ཚན་ཁག་གི་སྨན་པ་2ཀྲུང་གོའི་བུད་མེད་དང་བྱིས་པའི་རྨ་ཕྲན་ཡན་ལག་ཚོགས་པའི་ཨུ་ཡོན(རྒྱལ་ཡོངས་ཨུ་ཡོན)ལ་བདམས་ཐོན་བྱུང་ཡོད་པ་དང་། ཁོང་ཚོས་བྲིས་པའི་དཔྱད་རྩོམ《ས་མཐོའི་བྱིས་པའི་ཁོག་ཤེལ་གཤགས་བཅོས་ཀྱི་མྱོང་ཚོར》ཞེས་པར་རྒྱལ་ཡོངས་རིག་གཞུང་ཚོགས་ཆེན་ཐོག་གདེང་འཇོག་ཡག་པོ་ཐོབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།