“གླང་གསུམ་བཙོངས་པ་ཡིན། དེའི་ཐོག་ནམ་རྒྱུན་འོ་མ་བཙོངས་པ་བསྣན་ན་ལོ་གཅིག་ལ་བ་གླང་གསོས་ནས་ཡོང་འབབ་སྒོར་ཁྲི་5ལྷག་ཙམ་བབས་ཀྱི་འདུག”ཅེས་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་ཁྲ་འབྲུག་གྲོང་རྡལ་ཁེ་གསུམ་གྲོང་ཚོའི་ལོ་67ལ་སླེབས་པའི་ཞིང་པ་པ་སངས་ཀྱིས་བ་གླང་རྒྱུད་པ་ལེགས་བཅོས་སྐོར་གླེང་སྐབས་ཡག་པོ་ཡོད་ཚུལ་མང་པོ་ཤོད་ཀྱི་འདུག རྒྱུད་པ་ལེགས་བཅོས་བྱས་པའི་བ་གླང་གསོས་པ་ཁོ་ནས་ན་ནིང་པ་སངས་ཀྱི་ཁྱིམ་ཚང་དབུལ་སྒྲོལ་བྱུང་བ་རེད། ཧུའུ་པེ་ཞིང་ཆེན་གྱི་ཁག་བདུན་པའི་བོད་སྐྱོར་ལས་དོན་རུ་ཁག་གིས་རྒྱུད་པ་ལེགས་བཅོས་ཀྱི་ཕ་གླང་མཁོ་འདོན་བྱས་ཏེ་ལྷོ་ཁར་གསོ་ཚགས་ཁྱབ་སྤེལ་བཏང་བས། ས་གནས་དེ་གའི་བརྒྱ་ཆ་བདུན་ཅུ་ཡན་གྱི་ཞིང་འབྲོག་པའི་ཁྱིམ་ཚང་ལ་ཕན་པ་ཐོབ་ཡོད་པ་རེད།
“བོད་སྐྱོར་རྣམ་གྲངས་ལ་ཕན་འབྲས་ཐོན་མགྱོགས་པ་དང་འགོར་བ་ཡོད་པས། རྣམ་གྲངས་འདེམས་སྐབས་ང་ཚོས་རྨང་གཞི་འདིང་བ་དང་། ཕུགས་འཕེར་ཐུབ་པ། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་རྣམ་གྲངས་ལ་དེ་བས་མཐོང་ཆེན་བྱེད་ཀྱི་ཡོད”ཅེས་ཧུའུ་པེ་ཞིང་ཆེན་གྱི་ཁག་བདུན་པའི་བོད་སྐྱོར་ལས་དོན་རུ་ཁག་གི་སྤྱི་ཁྱབ་སྣེ་ཁྲིད་པ་ཁོ་ཏུང་ཧའེ་ཡིས་ངོ་སྤྲོད་བྱས་བྱུང་། ཁོང་ཚོས་གནད་སྨིན་དབུལ་སྐྱོར་གྱི་བསམ་ཕྱོགས་དེ་ལྷོ་ཁར་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་ཀའི་ཁྲོད་བེད་སྤྱད་དེ། ཕྱོགས་གཅིག་ནས་ཐོན་ལས་བོད་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་རོགས་སྐྱོར་དང་ལེན་ཁུལ་གྱི་རང་ངོས་ཀྱི་རང་རྟེན་ནུས་པ་ཆེ་རུ་གཏོང་བ་དང་། ཕྱོགས་གཞན་ཞིག་ནས་དམངས་འཚོའི་དགོས་མཁོར་འབྲེལ་མཐུད་གནད་སྨིན་གྱིས་རྒྱལ་ཁབ་ཀྱི་རྣམ་གྲངས་ཀྱིས་གནས་སྐབས་མ་ཁྱབ་པ་དང་། ས་གནས་ནོར་སྲིད་ཀྱིས་གནས་སྐབས་ཐག་གཅོད་བྱེད་མ་ཐུབ་པ། གཞི་རིམ་དང་ཞིང་འབྲོག་ཁུལ་དུ་ཁ་ཚ་དགོས་གཏུགས་ཀྱི་ཐག་གཅོད་བྱེད་དགོས་ངེས་ཀྱི་གནད་དོན་བཅས་གཙོ་གནད་ཐོག་ཐག་གཅོད་བྱས་པ་རེད།
ཧུའུ་པེའི་བོད་སྐྱོར་མཉམ་ལས་ཐོན་ལས་ཀྱི་རྣམ་གྲངས་ཆེ་ཤོས——ཧྭ་ཤིན་ཨར་འདམ (བོད་ལྗོངས)ཚད་ཡོད་ཀུང་སི་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་དུ་ཆགས་པ་དང“95ལོའི་རྗེས་སྐྱེས་པའི”པདྨ་རྡོ་རྗེ་ཀུང་སིའི་ལྟེ་བའི་ཚོད་འཛིན་ཁང་གི་བཀོལ་སྤྱོད་པ་ཞིག་ཡིན་པ་དང་ཟླ་རེར་ཡོང་འབབ་སྒོར་5000ལྷག་ཙམ་ཡོད། ཁོ་པས“ཟླ་རེར་ངས་ཁྱིམ་ལ་སྒོར་3000ལྷག་བསྐུར་གྱི་ཡོད། ཁྱིམ་གྱི་ཁང་པ་གསར་པ་བརྒྱབ་པ་མ་ཟད། གློག་ཆས་སྣ་ཚོགས་ཉོས་ཡོད་པས། འདས་པའི་ལོ་འགའ་དང་བསྡུར་ན་འགྱུར་ལྡོག་ཆེན་པོ་བྱུང་སོང”ཞེས་ཤོད་ཀྱི་འདུག ལོར་ཐོན་ཟོག་རིན་ཐང་སྒོར་དུང་ཕྱུར་6.9ཟིན་པའི་ཁེ་ལས་ཀྱི་70%ཡན་གྱི་ལས་བཟོ་ས་གནས་དེ་གའི་མི་ཡིན་པ་རེད། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་རྫོང་ཝུའུ་ཧན་ཐོན་ལས་གླིང་དུ་ཧུའུ་པེའི་ཙང་ཧོ་ཚོང་དོན་པད་ཁའི་སྣུམ་གྱི་རྣམ་གྲངས་ཐོན་སྐྱེད་བྱེད་གྲབས་ཡོད་པ་རེད། རྣམ་གྲངས་ཀྱི་འགན་འཁུར་བ་ལིའུ་པང་ཀུའེ་ཡིས། ཧུའུ་པེའི་མ་དངུལ་དང་བཟོ་རྩལ་དེ་བོད་ཀྱི་སྤུས་ཀ་དག་པའི་པད་ཀའི་ཐོན་ཁུངས་དང་ཟུང་འབྲེལ་བྱས་ཚེ། ཕྱོགས་ཁག་ཚང་མར་ཕན་པའི་འབྲས་བུ་ཐོན་རྒྱུ་ཡིན་པས། ང་ཚོས་མཐའ་འཁོར་གྱི་ས་ཁུལ་ལ་པད་ཀ་འདེབས་འཛུགས་ཁྱབ་སྤེལ་བཏང་ནས་ཐོན་སྐྱེད་དང་ཕྱིར་ཚོང་འགན་གཙང་བླངས་ཏེ་ཞིང་པ་ཕྱུག་འགྱུར་ཡོང་རྒྱུར་སྣེ་ཁྲིད་བྱས་ཡོད་ཅེས་ངོ་སྤྲོད་བྱས། ས་མཐོའི་ཁྱད་ལྡན་གྱི་དམིགས་བསལ་ཐོན་ལས་དེ་ཐོན་ལས་བོད་སྐྱོར་གྱི་གཙོ་གནད་དུ་བརྩིས་ནས། འདས་པའི་ལོ་3རིང་དུ་ཧུའུ་པེའི་བོད་སྐྱོར་ལས་དོན་རུ་ཁག་གིས་བསྡོམས་ཁེ་ལས་15འབྲེལ་གཏུག་ནང་འདྲེན་བྱས་པ་དང་། གྲོས་མཐུན་མ་དངུལ་སྒོར་དུང་ཕྱུར་47.99བཞག་པ། མི་5000ལྷག་ཙམ་ལས་ཞུགས་བཀོད་སྒྲིག་བྱས་པ། ཞིང་འབྲོག་པ་1000ལྷག་ཙམ་དབུལ་སྒྲོལ་ཡོང་རྒྱུར་སྣེ་ཁྲིད་བཅས་བྱས་པ་རེད།
ཧུའུ་པེས་དམངས་འཚོའི་དགོས་མཁོར་འབྲེལ་མཐུད་གནད་སྨིན་བྱ་རྒྱུའི་བླང་བྱ་བཏོན་ནས། བོད་སྐྱོར་རྣམ་གྲངས་དང་མ་དངུལ་དེ་བས་མང་བ་གཞི་རིམ་དང་ཞིང་འབྲོག་པར་ཁ་ཕྱོགས་པ་རེད། ཞིང་འབྲོག་པའི་བདེ་ཐང་དོ་དམ་ཐད་ཀྱི་གྲོང་ཚོ་རིམ་པའི་འཕྲོད་བསྟེན་ཁང་དང་། ཕན་བདེ་ཁང་། བུ་བཅོལ་ཁང་བཅས་འཛུགས་སྐྲུན་དང་། ཤ་རིགས་ཀྱི་ནད་དཔྱད་ས་ཚིགས་དང་། ཁོར་ཡུག་འཕྲོད་བསྟེན་ས་ཚིགས། རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་བཅས་བཀོད་སྒྲིག་བྱེད་པ་སོགས་ཞིང་འབྲོག་པར་ཐད་ཀར་ཕན་ཐོགས་པའི་དམངས་འཚོའི་རྣམ་གྲངས་དེ་དག་ཧུའུ་པེའི་བོད་སྐྱོར་གྱི་གཙོ་གནད་དུ་གྱུར་ཡོད་པ་རེད།
“འདི་ནི་བོད་སྐྱོར་རུ་ཁག་གིས་བསྣམས་ཕེབས་པའི་ཕྱག་རྟགས་རེད”ཅེས་ཤོད་བཞིན་དུ་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་གི་ལོ་40ལ་སླེབས་པའི་སྐལ་བཟང་ཚེ་སྒྲོན་དགའ་ངུ་ཤོར། བུ་གྲོངས་ནས་ལོ་10འདས་རྗེས་ཧུའུ་པེའི་བོད་སྐྱོར་སྨན་བཅོས་རུ་ཁག་གི་རོགས་རམ་འོག ཁོང་ལ་བདེ་མ་ཐང་མའི་ཕྲུ་གུ་ཞིག་བཙས་པ་རེད། སྨན་བཅོས་རུ་ཁག་གིས་རྒྱ་ཚར་ལུགས་མཐུན་གྱི་གསོ་སྐྱོང་དང་དོ་མཉམ་པའི་འཚོ་བཅུད་ཀྱིས་བརྗོད་བྱ་གཙོ་བོར་བྱས་པའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ་ལས་རྫོང་ཡོངས་ཀྱི་མི་1000ལྷག་ཙམ་ལ་ཕན་པ་ཐོབ་པ་རེད། ས་བབ་སྨི་5300ལྷག་གི་སྣ་དཀར་རྩེ་རྫོང་ཕུ་མ་བྱང་ཐང་ཤང་མཚོ་མགོ་གྲོང་ཚོར་ཧུའུ་པེའི་བོད་སྐྱོར་ལས་བྱེད་པས་གྲོང་མིར་ལམ་བཟོ་རོགས་བྱས་པ་དང་། འཐུང་ཆུ་དང་གློག་གི་དཀའ་ངལ་ཐག་གཅོད་བྱེད་རོགས་བྱས་པ་རེད། ཆུ་གསུམ་རྫོང་དུ་བོད་སྐྱོར་ལས་བྱེད་པས་རྫོང་ཡོངས་ཀྱི་ཚད་ལྡན་བུ་བཅོལ་ཁང་ཨང་དང་པོ་དེ་བསྐྲུན་པ་རེད། འདས་པའི་ལོ་3རིང་། ཧུའུ་པེའི་ཁག་བདུན་པའི་བོད་སྐྱོར་ལས་དོན་རུ་ཁག་གིས་མ་དངུལ་སྒོར་དུང་ཕྱུར་3བཀོད་སྒྲིག་གིས་དམངས་འཚོའི་ཁྱབ་ཁོངས་ཀྱི་རྣམ་གྲངས་ཁག་37ལག་ལེན་བསྟར་བའི་ཁྲོད་ཀྱི་80%ཡན་གཞི་རིམ་དང་ཞིང་འབྲོག་པར་ཕྱོགས་ཡོད་པ་རེད།