ཁང་པ་ཁམས་གཙང་ཞིང་ཅ་ལག་གྲལ་འགྲིག་པ་དང་སྒྲིག་ཆས་འཐུས་སྒོ་ཚང་བའི་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གི་མྱུར་སྐྱོབ་ལྟེ་གནས་ནང་། སྒེར་རྩེ་ནས་ཡིན་པའི་འཁོར་འཛོལ་རྐྱེན་གྱིས་རྐང་པར་རྨས་སྐྱོན་ཕོག་པའི་ནད་པ་ལྷ་སྐྱིད་གསར་འགོད་པར་ཐུག་བྱུང་།
“ང་འདིར་ཟླ་ཕྱེད་ཙམ་བསྡད་པ་ཡིན། སྨན་ཁང་གི་ཆ་རྐྱེན་ཡག་པ་དང་ལྷག་པར་དུ་ཧྲའན་ཤིས་ནས་ཡོང་བའི་རིགས་གཅིག་མཁས་པས་ན་ཚ་བལྟས་པས་ང་དང་ངའི་ནང་མི་ཚང་མའི་སེམས་པ་ལྷོད་ཤིག་ཤིག་འདུག ང་བདེ་ཐང་ངང་ནང་ལ་ལོག་རྒྱུ་ཡོང་ངེས་རེད”ཅེས་འདི་ལོ་ལོ་76ལ་སླེབས་པའི་ལྷ་སྐྱིད་ཀྱིས་གསར་འགོད་པར་དེ་ལྟར་བཤད།
ཁོང་གིས་བཤད་པའི“ཧྲའན་ཤིས་ནས་ཡོང་བའི་རིགས་གཅིག་མཁས་ཅན”ཞེས་པ་ནི། ཧྲའན་ཤིས་ཀྱི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་ཁག་དང་པོའི་སྨན་པ་ཡིན་པ་རེད།
2015ལོའི་ཟླ་8ཚེས་23ཉིན། མི་16ལས་གྲུབ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་ལེ་དབར་སྟོང་གི་ས་ནས་མངའ་རིས་སུ་འོང་། ཁོང་ཚོའི་ནང་ས་ཁུལ་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ་1དང་ཆེད་ལས་ལག་རྩལ་པ་15ཡོད་པ་ཚང་མ་ཧྲའན་ཤིས་ཞིང་ཆེན་གྱི་རིམ་པ་གསུམ་པའི་སྨན་ཁང་ནས་ཡོང་བ་ཤ་སྟག་རེད། དེ་དག་ཁྲོད་མཐོ་རིམ་གྱི་ཆེད་ལས་གོ་མིང་གཞོན་པ་ལྡན་པས་50%ཡན་ལོངས་པ་དང་། ཆ་སྙོམས་ལོ་ཚད་43ཡིན་པ། ཡོན་ཚད་རབ་འབྱམས་དང་དེ་ཡན་གྱི་སློབ་རྒྱུད་ལྡན་པས་50%ཡན་ཟིན་ཡོད་པ་རེད།
ཡིན་ནའང་ཁོང་ཚོ་ས་བབ་མཐོ་ཚད་སྨི་4300ལ་སླེབས་པའི་ཉིན་དང་པོར་ལ་དུག་བརྒྱབ་པ་དང་། ནད་སྐྱོང་འགན་འཛིན་ཕང་སྨི་གནམ་གྲུ་ནས་བབས་མ་ཐག་མགོ་ཡུར་འཁོར་ནས་རིལ་བ་དང་རུ་མི་གཞན་དག་ལའང་ལ་དུག་ཆེ་ཆུང་མ་གཏོགས་ཕོག་ཡོད། དེ་འདྲའི་གནས་ཚུལ་འོག་ཉིན་དེའི་ཕྱི་དྲོར་ཕང་སྨི་དང་བཅས་པའི་རུ་མི་5ཡིས་ངལ་གསོ་ཅུང་ཟད་ཀྱང་མ་བརྒྱབ་པར་གཤག་བཅོས་བྱས།
“སྨན་པ་ཡིན་པའི་དབང་གིས་བྱས་པ་ཡིན་ནམ། གང་ལྟར་ནད་པར་གཤག་བཅོས་བྱེད་དགོས་པ་ཐོས་འཕྲལ་ངལ་གསོ་ཐེབས་མིན་ལ་ལྟ་ཁོམ་མི་འདུག གཤག་བཅོས་མཁན་ལ་ལ་དུག་བརྒྱབ་ནས་གདོང་ལ་རྔུལ་ཆུས་ཁེངས་བཞིན་གཤག་བཅོས་བྱས་པས་ཚང་མས་བརྒྱལ་མི་ཡོང་ངམ་གྱི་སེམས་ཁྲལ་བྱས་ཡོད”ཅེས་ཧྲའན་ཤིས་ཀྱི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་གི་རུ་དཔོན་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཡུས་ཡུང་གིས་དེ་ལྟར་བཤད་ཅིང་། ཁོང་གིས་དེ་དུས་ང་གཤག་བཅོས་ཁང་གི་ཕྱི་ནས་མགོ་འཐོམས་བཟི་འཐོམས་ངང་གཤག་བཅོས་ཀྱི་བརྒྱུད་རིམ་ཆ་ཚང་ལ་བལྟས་པ་ཡིན་ཞེས་བཤད།
བོད་སྐྱོར་ལོ་གཅིག་རིང་སྨན་བཅོས་རུ་ཁག་གི་རུ་མི་ཚོས་རང་ལས་ནད་པར་གཅེས་པར་བཟུང་ནས་ལས་ཀ་བསྒྲུབས་ཏེ། མངའ་རིས་ས་ཁུལ་དུ་ནད་པ་ལྕི་པོར་ཀ་ལི་གཤག་པའི་གཤག་བཅོས་དང་། མཉམ་དུ་དཔྱི་མགོའི་ཚིགས་བརྗེ་བའི་གཤག་བཅོས། གཤང་ལམ་རྣག་བརྒྱབ་པ་རྐོག་བའི་གཤག་བཅོས། བུ་བཙའི་ནད་གཞི་ལྕི་པོ་40ཙམ་གཤག་བཅོས་བཅས་སྔ་རྗེས་སུ་བྱས་པ་མ་ཟད། རྒྱང་ཁྲིད་ནད་དཔྱད་བརྒྱུད། ནང་ས་དང་མཉམ་དུ་དམར་འབྱར་ཞིག་སྲོག་ཉེན་ལས་བསྐྱབས། མདོར་ན། ད་བར་རིགས་གཅིག་མཁས་པས་སྒོ་བསྟེན་ནད་པ་མི་ཐེངས་1802བལྟས་པ་དང་། ནད་པ་མི་ཐེངས་782སྨན་ཁང་དུ་སྡོད་དུ་བཅུག་པ། གཤག་བཅོས་ཐེངས་215བྱས་པ། ནད་དཔྱད་མི་ཐེངས་107བྱས་པ། རྫས་འགྱུར་བརྟག་དཔྱད་ཐེངས་7230བྱས་པ། པར་བརྒྱབ་ནས་མི་ཐེངས་5100ལ་བརྟག་དཔྱད་བཅས་བྱས་པ་རེད།
ལྷག་པར་དུ་དོན་སྙིང་ལྡན་པ་ཞིག་ནི། ལས་དོན་རུ་ཁག་གིས་ཚང་མའི་འབད་བརྩོན་འོག མངའ་རིས་ས་ཁུལ་མི་དམངས་སྨན་ཁང་ལ་《2016ལོའི་ས་ཁུལ་སྨན་ཁང་གིས་ཀ་པ་རིམ་པ་གཉིས་པའི་སྨན་ཁང་གཏོད་རྒྱུའི་ལས་ཀའི་སྲོལ་ཡིག》བཟོས་ནས་གསར་གཏོད་ལས་ཀར་སྐུལ་མ་ཤུགས་ཆེན་བཏང་བས། ཟླ་5ཚེས་30ཉིན་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་རྒྱལ་ཁབ་ཀྱི“ཀ་པ་རིམ་པ་གཉིས་པའི་སྨན་ཁང”གི་ཞིབ་བཤེར་ཐོག་མར་བྱུང་ཡོད།
ད་དུང་ལས་དོན་རུ་ཁག་གིས་སྨན་ཁང་ལ་དོ་དམ་མ་ལག་དང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རོགས་བྱས་ཏེ་སྨན་ཁང་གི་ལམ་ལུགས་13བཟོ་བཅོས་བརྒྱབ་པ་དང་ལེགས་སུ་བཏང་བ་མ་ཟད། སྨན་ཁང་དུ་མ་ཞུགས་གོང་གི་དོས་དྲག་ནད་དེབ་ཇུས་འགོད་བྱས་ནས་བཟོས་པ་དང་། སྨན་ཁང་དུ་མ་ཞུགས་གོང་གི་དོས་དྲག་མ་ལག་འཛུགས་རྒྱུར་སྐུལ་མ་བཏང་བ། སྨན་ཁང་གི་སྒྲིག་སྲོལ་དང་ལམ་ལུགས་ཁག་དང་། དེ་བཞིན་མི་སྣའི་འགན་འཁྲི་སོགས་དོན་ཚན་100ལྷག་ཙམ་འཐུས་སྒོ་ཚང་དུ་བཏང་ཡོད། སྨན་ཁང་གི“ལོ་ལྔ་ཚན་བཅུ་གསུམ་པའི”རྣམ་གྲངས་འཆར་འགོད་དང་ལག་བསྟར་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་མ་བཏང་སྟེ《མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གི“ལོ་ལྔ་ཚན་བཅུ་གསུམ་པའི”འཛུགས་སྐྲུན་འཕེལ་རྒྱས་འཆར་འགོད》དང《མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གི་གྲངས་གཞི་ཅན་གྱི་སྨན་ཁང་འཛུགས་སྐྱོང་རྣམ་གྲངས་ཀྱི་བརྟག་ཞིབ་དང་དབྱེ་ཞིབ་སྙན་ཞུ》བཟོས་ནས་དུས་ཐེངས་དང་པོའི་རྣམ་གྲངས་ལ་མ་དངུལ་སྒོར་ཁྲི་900ལྷག་ཙམ་རག་ཐབས་བྱས་ཡོད།
ལོ་གཅིག་རིང་། ལས་དོན་རུ་ཁག་གིས་འབད་འཐབ་ལྷོད་མེད་པ་བྱས་པ་བརྒྱུད། མངའ་རིས་ས་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་གྱི་ཆུ་ཚད་མཐོ་རུ་ཆེས་ཆེར་ཕྱིན་པ་དང་། མང་ཚོགས་སྨན་ཁང་དུ་ན་ཚ་ལྟ་བར་ཡོང་བའི་ཧུར་སེམས་དང་ཁོང་ཚོ་བློ་ཡིད་ཚིམས་ཚད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། འདི་ལོའི་ཟླ་དང་པོ་ནས་བཞི་པ་བར་ས་ཁུལ་མི་དམངས་སྨན་ཁང་གི་སྒོ་བསྟེན་དང་དོས་དྲག་ལ་ན་ཚ་ལྟ་བར་ཡོང་མཁན་མི་ཐེངས་17082ཟིན་ནས་དུས་མཚུངས་ལས་35.3%མང་དུ་ཕྱིན་པ་དང་། སྨན་ཁང་དུ་སྡོད་མཁན་མི་ཐེངས་699ཟིན་ནས་དུས་མཚུངས་ལས་29.4%མང་དུ་ཕྱིན་པ། གཤག་བཅོས་བྱེད་མཁན་ནད་པ་མི་ཐེངས་188ཟིན་ཏེ་དུས་མཚུངས་ལས་40.03%མང་དུ་ཕྱིན་ཡོད། སྨན་ཁང་གི་སྒོ་བསྟེན་སྨན་རྩལ་ཐོག་ཁང་གསར་པ་རིམ་སྤོར་སྒྱུར་བཀོད་བྱུང་བ་དང་། སྨན་ཁང་གི་ནད་སྡོད་ཐོག་ཁང་རྙིང་པ་མཛེས་བཟོ་བྱེད་མགྱོགས་སུ་ཕྱིན་པ། སྨན་ཁང་ཡོངས་ཀྱི་མདོང་ལམ་མ་ལག་སྒྱུར་བཀོད་ཁྱོན་ཡོངས་ནས་འགོ་ཚུགས་པ། སྨན་ཁང་གི་ཆ་འཕྲིན་འཛུགས་སྐྱོང་ཁྱོན་ཡོངས་ནས་བྱེད་འགོ་ཚུགས་ཏེ་སྨན་ཁང་ཧྲིལ་པོའི་འཕེལ་རྒྱས་འགྲོ་ཚུལ་ཧ་ཅང་བཟང་པོ་ཡོད་པ་རེད།
“གོམ་སྟབས་རྗེས་མར་ང་ཚོའི་དམིགས་ཚད་ནི‘ཀ་པ་རིམ་པ་གཉིས་པ་གཏོད་པའི’ལས་ཀ་མུ་མཐུད་བསྒྲུབས་ཏེ་མངའ་རིས་ལ་བདེ་ཐང་བསྐྲུན་རྒྱུ་གོ་སྐབས་སུ་བཟུང་ནས། ས་ཁུལ་མི་དམངས་སྨན་ཁང་དེ་བོད་ལུགས་གསོ་རིག་དང་ནུབ་ཕྱོགས་སྨན་བཅོས་ཟུང་འབྲེལ་གྱི་ལྟེ་གནས་ཤིག་ཏུ་བསྐྲུན་རྒྱུ་དེ་ཡིན། ང་ཚོས་འབད་བརྩོན་བྱས་ཏེ་མངའ་རིས་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་སྐས་རིམ་གསར་པ་ཞིག་ཏུ་སླེབས་པའི་རེ་བ་འཆང་བཞིན་ཡོད”ཅེས་ཡུས་ཡུང་གིས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་གསར་འགོད་པར་དེ་ལྟར་བཤད།