གསར་འགོད་པར་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ལོ་སྟོད་དུ་ལྗོངས་ཡོངས་ཀྱི་ཞིང་འབྲོག་ལས་ཀྱི་ལས་དོན་ཁག་ལ་བདེ་བླག་ངང་སྐུལ་འདེད་ཐེབས་ནས“ཇུས་འགོད་སྔ་བ་དང་། འགོ་འཛུགས་ལེགས་པ། བྱ་ཐབས་ཏན་ཏིག འཕེལ་རྒྱས་བདེ་བླག”བཅས་ཀྱི་ཁྱད་ཆོས་མངོན་ཡོད་པ་རེད།
འབྲུ་རིགས་ཐོན་སྐྱེད་བྱ་ཐབས་ནུས་ལྡན་དང་ཞིང་འབྲོག་ལས་ཀྱི་རྨང་གཞི་བརྟན་དུ་སོང་ཞིང་། མིག་སྔའི་བར་ལྗོངས་ཡོངས་ཀྱི་དཔྱིད་འདེབས་ལས་དོན་ཁྱོན་ཡོངས་ནས་མཇུག་འགྲིལ་ཡོད། སྔོན་དཔག་བྱས་ན་དཔྱིད་འདེབས་རྒྱ་ཁྱོན་མུའུ་ཁྲི་320.98ཟིན་རྒྱུའི་ནང་འབྲུ་རིགས་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་219.36ཟིན་རྒྱུ་རེད།
འདི་ལོའི་ལོ་ཧྲིལ་པོའི་འབྲུ་རིགས་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་262.5ཡི་འཆར་གཞི་ཡོད་པ་དང་། སྔོན་དཔག་བྱས་ན་འདི་ལོའི་འབྲུ་རིགས་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་268.07ཟིན་རྒྱུ་ཡིན་པ་དེ་ན་ནིང་ལས་མུའུ་ཁྲི་7.91འཕར་རྒྱུ་རེད།
འབྲོག་ལས་ཐོན་སྐྱེད་མུ་མཐུད་ལེགས་ལ་བརྟན་པོ་བྱུང་ཞིང་། ལོ་སྟོད་དུ་ལྗོངས་ཡོངས་ཀྱིས་ཕྱུགས་རིགས་ཁྲི་48.7དང་བྱ་རིགས་ཁྲི་34.62བཤས་བཏང་བ་དང་། ཤ་རིགས་ཐོན་ཚད་ཏུན་ཁྲི་3.97ཟིན་པ། དཀར་ཆུའི་ཐོན་ཚད་ཏུན་ཁྲི་8.01ཟིན་ཡོད། ཚོད་རྩིས་བྱས་པར་གཞིཌ་ན། “ལོ་ལྔ་ཚན་བཅུ་གསུམ”པའི་རིང་རང་ལྗོངས་ཀྱི་རྩྭ་ཐང་གི་བྱ་དགའི་དངུལ་བསྡོམས་འབོར་དུང་ཕྱུར་150ཡས་མས་ཟིན་པ་དང་ལོ་རེར་འཕར་ཚད་སྒོར་དུང་ཕྱུར་9ལྷག་ཟིན་ཡོད་པ་རེད།
ཞིང་འབྲོག་ལས་རྣམ་གྲངས་ལ་བརྟན་པོའི་ངང་སྐུལ་འདེད་ཐེབས་ཤིང་། བསྡོམས་རྩིས་བྱས་པར་གཞིགས་ན། ཟླ་6པའི་ཟླ་མཇུག་བར“ལོ་ལྔ་ཚན་བཅུ་གཉིས་པའི”ཞིང་འབྲོག་ལས་ཀྱི་རྨང་གཞིའི་འཛུགས་སྐྲུན་རྣམ་གྲངས་ལ་རིམ་རྩིས་བྱས་ན་རྒྱལ་ཁབ་ཀྱི་མ་དངུལ་སྒོར་དུང་ཕྱུར་70.67བཏང་བ་དེས་དམིགས་འབྱོར་མ་དངུལ་སྒོར་དུང་ཕྱུར་83.31གྱི་84.8%བཟུང་ཡོད། མིག་སྔའི་བར་རང་ལྗོངས་ཀྱིས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྣམ་གྲངས་ཁྱོན་རྣམ་གྲངས་13གཏན་འཁེལ་རགས་ཙམ་བྱས་པ་དང་། རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་67.836གཏོང་རྒྱུ་རེད། ཞིང་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་མུ་མཐུད་འཕེལ་རྒྱས་བྱུང་བ་དང་། ཞིང་འབྲོག་ལས་དཔལ་འབྱོར་གྱི་འབྲེལ་ཐག་རིང་དུ་སོང་ཞིང་། ལོ་སྟོད་དུ་རང་སྐྱོང་ལྗོངས་རིམ་པའི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་སྣེ་འདྲེན་ཁེ་ལས་ཀྱིས་སྔོན་དཔག་བྱས་ན་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་15.29གཏོད་རྒྱུ་དེ་ན་ནིང་གི་དུས་མཚུངས་ལས་13%འཕར་རྒྱུ་རེད། ཞིང་འབྲོག་ཐོན་རྫས་ལས་སྣོན་ལས་རིགས་ཀྱིས་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་19.95གཏོད་རྒྱུ་དེ་ན་ནིང་གི་དུས་མཚུངས་ལས་18%འཕར་རྒྱུ་རེད།
གྲོང་གསེབ་ཀྱི་ས་ཞིང་འགན་གཙང་གཉེར་སྐྱོང་དབང་ཆ་གཏན་འཁེལ་ཐོ་འགོད་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ཞིང་། མིག་སྔར། ལྗོངས་ཡོངས་ཀྱིས་ས་ཞིང་འགན་གཙང་ལེན་དབང་གཏན་འཁེལ་ཐོ་འགོད་ལག་ཁྱེར་སྤྲོད་པའི་ཚོད་ལྟའི་ལས་དོན་ཕུད་པའི་ས་ཆ(རྨོ་ཞིང)མུའུ་ཁྲི་54.11གི་ཐིག་ཚད་བླངས་པ་དང་། དབང་ཐོབ་ལག་ཁྱེར་9453སྤྲད་པ། ཞིང་དུད་28ལ་གྲོང་གསེབ་ཀྱི་ས་ཞིང་འགན་གཙང་གཉེར་སྐྱོང་དབང་ཆའི་གཏའ་འཇོག་དངུལ་བུན་སྒོར་ཁྲི་148.5བཏང་བ། གྲོང་གསེབ་ཀྱི་འགན་གཙང་བླངས་པའི་ས་ཞིང་མུའུ་ཁྲི་12.9བརྒྱུད་བཤུག་བྱས་ཡོད་པ་རེད།