2013ལོའི་ཟླ་8པར་ཀྲུང་གོའི་ཧ་ཡང་ལས་རིགས་ཀུང་སིའི་ཁག་ལྔ་པའི་བོད་སྐྱོར་ལས་བྱེད་པ་ཧུའུ་ཀྲི་ཅུན་གནའ་ཉམས་དོད་ལ་ངོ་མཚར་ཆེ་བའི་བོད་དབུས་ས་མཐོའི་ཆབ་མདོར་སླེབས།
“བོད་སྐྱོར་ལོ་གསུམ་ནང་ངས་ལས་ཀ་གང་བྱེད་ཐུབ་བམ། བྱས་རྗེས་གང་འདྲ་གཏོད་ཐུབ་བམ། ཕྱིར་ལོག་སྐབས་དེར་གང་འཇོག་ཐུབ་བམ”
བོད་དུ་མ་ཡོང་གོང་ཧུའུ་ཀྲི་ཅུན་གྱིས་ཐབས་ལམ་སྣ་ཚོགས་བརྒྱུད་ཆབ་མདོའི་སྐོར་གྱི་ཆ་འཕྲིན་འཚོལ་བསྡུ་བྱས་པ་མ་ཟད། བོད་ཀྱི་ལོ་རྒྱུས་དང་། ཆོས་ལུགས། དམངས་སྲོལ་བཅས་དང་འབྲེལ་བའི་དཔེ་དེབ་མང་དག་ཅིག་བལྟས།
བོད་དུ་སླེབས་རྗེས་ཧུའུ་ཀྲི་ཅུན་གྱིས་ཆབ་མདོ་གྲོང་ཨུད་ཀྱི་དྲུང་ཆེ་གཞོན་པ་དང་བྲག་གཡབ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པའི་འགན་ཁུར། ལས་གནས་གསར་པའི་ཐོག་ཁོང་གིས་གཟའ་འཁོར་གཅིག་གི་དུས་ཚོད་ཆ་ཤས་གསུམ་ལ་དབྱེ་བ་སྟེ། ཉིན་གསུམ་གཤམ་སྐྱོད་བྱས་ཏེ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་པ་དང་། ཉིན་གཉིས་རྫོང་གྲོང་ངམ་ཡང་ན་ཆབ་མདོ་གྲོང་ཁྱེར་དུ་བགྲོ་གླེང་ལས་དོན་སྤེལ་བ། ཉིན་གཉིས་ལས་དོན་ཕྱོགས་སྡོམ་དང་ངལ་གསོ་རྒྱག་པ་བཅས་རེད། དེ་དང་ཆབས་ཅིག་བོད་སྐྱོར་ལས་དོན་གྱི་བསམ་ཕྱོགས་གཏན་འཁེལ་བྱས་པ་སྟེ། གཞི་རིམ་དུ་བསྐྱོད་དེ“གཟིགས་སྐྱོང་གཉིས”ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་ཀྲུང་གོ་ཧ་ཡང་ལས་རིགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་བྲག་གཡབ་རྫོང་གི་རང་ངོས་འཕེལ་རྒྱས་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ་རེད།
“ཕྱི་ཚུལ་གྱི་ལས་དོན་སྒྲུབ་པ་ཙམ་མིན་པར་གཞི་རིམ་དུ་ཏན་ཏིག་སྐྱོད་དགོས”ཞེས་ཧུའུ་ཀྲི་ཅུན་གྱིས་དེ་ལྟར་བསམ་བློ་གཏོང་གི་ཡོད་ལ་དེ་ལྟར་སྒྲུབ་ཀྱང་ཡོད། ཤང་དང་གྲོང་ཚོར་སྐྱོད་པའི་ལམ་བུར་རི་ལམ་ཀྱག་ཀྱོག་དང་གཡང་གཟར་པོ་ཡོད་མོད། འོན་ཀྱང་ཁོང་གིས་ཟླ་བ་གཅིག་ནང་བྲག་གཡབ་རྫོང་གི་ཤང་གྲོང་13ཚང་མར་བསྐྱོད་ཡོད།
བྲག་གཡབ་རྫོང་ཤིང་དཀའ་ཤང་ནི་ཧུའུ་ཀྲི་ཅུན་གྱི་འབྲེལ་གཏུགས་ས་ཚིགས་ཡིན། ཤང་གི་འགྲོ་ལམ་འགྲིམ་འགྲུལ་ཆ་རྐྱེན་ཧ་ཅང་ཞན་པའི་ཁར། ཤང་དེར་ས་བབ་སྨི་4000ལྷག་ཙམ་ཟིན་པའི་སྲིད་འཛིན་གྲོང་ཚོ་གཉིས་ཡོད། ཤིང་དཀའ་ཤང་གི་དངོས་ཡོད་དཀའ་ངལ་ལ་དམིགས་ཏེ་ཧུའུ་ཀྲི་ཅུན་གྱིས་གོམ་སྟབས་རེ་རེ་བཞིན“དམངས་ལ་ཞབས་འདེགས་ཞུ་བའི”དམ་བཅའ་ལག་ལེན་བསྟར་ཡོད། ཝ་རྐྱང་གྲོང་ཚོར་གློག་མེད་པས་བོད་སྐྱོར་མ་དངུལ་ནས་སྒོར་ཁྲི་6བཏོན་ཏེ་བསྐྱར་དུ་གློག་ཤིང་བཙུགས་པ་དང་། སྣེ་འཕག་གྲོང་ཚོའི་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་གཅིག་རྐྱང་ཡིན་པས་ཁོང་གིས་ཡུལ་དེའི་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱས་རྗེས་སྣེ་འཕག་གྲོང་ཚོའི་དོན་དངོས་དང་ཟུང་འབྲེལ་གྱིས་ཁྱད་ལྡན་འདེབས་འཛུགས་དང་གསོ་ཚགས་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་འཆར་འགོད་བསམ་འཆར་བཏོན་པ་དང་། ཤིང་དཀའ་གྲོང་ཚོའི་ས་བབ་མཐོ་བ་དང་ས་ཞིང་ཐོན་འབབ་ཉུང་བས་ཁོང་གིས་མཐུན་སྦྱོར་ཧུར་ཐག་བྱས་ཏེ་མང་ཚོགས་ལ་ལས་གནས་མཁོ་འདོན་བྱས་པ་དང་འབྲེལ་རྩལ་ནུས་གསོ་སྦྱོང་གོ་སྐབས་ཀྱང་བསྐྲུན་པ་རེད།
“ངས་གཞི་རིམ་དུ་བསྐྱོད་དེ་གཙོ་གནད་ཐོག་མང་ཚོགས་ཀྱི་དངོས་ཡོད་དཀའ་ངལ་ཐག་གཅོད་བྱེད་པ་དང་མང་ཚོགས་ཕྱུག་འགྱུར་ཡོང་ཐབས་བྱེད་ཀྱི་ཡོད”ཅེས་ཧུའུ་ཀྲི་ཅུན་གྱིས་བཤད།
གཙང་གསར་ཤང་གི་ཆ་སྙོམས་ས་བབ་སྨི་4100ཟིན་པ་དང་རྫོང་གྲོང་དང་བར་ཐག་སྤྱི་ལེ་125ཡོད་པར་རྫོང་དེ་ཡོངས་ཀྱི་རྫོང་གྲོང་དང་ཐག་རིང་ཤོས་དང་། འགྲོ་ལམ་སྐྱོ་ཤོས། དབུལ་ཤོས་བཅས་ཀྱི་ཤང་གྲོང་གི་གྲས་ཤིག་རེད།
བརྟག་ཞིབ་གཏིང་ཟབ་བྱས་རྗེས། ཧུའུ་ཀྲི་ཅུན་གྱིས་གཙང་གསར་ཤང་ལ་བྱ་བ་དངོས་འགའ་བསྒྲུབ་རྒྱུའི་ཐག་བཅད་པ་དང་། བོད་སྐྱོར་མ་དངུལ་སྒོར་ཁྲི་550བཏང་སྟེ་ཞིང་འབྲོག་མང་ཚོགས་ལ་ཕན་བདེ་བསྐྲུན་པ་རེད།
ལྷ་གསུམ་གྲོང་ཚོ་དང་ཁྲ་མོ་གྲོང་ཚོའི་ཨར་འདམ་ཟམ་པ་3གྱི་རྣམ་གྲངས་ཀྱིས་ཞིང་འབྲོག་པ་5000ལྷག་ཙམ་གྱི་ཕྱིར་འགྲོ་དཀའ་བའི་གནད་དོན་ཐག་གཅོད་ཐུབ་པ་དང་། མི་ཕྱུགས་ཀྱི་འཐུང་ཆུའི་འདུ་འགོད་རྣམ་གྲངས་ཁག་2ལས་ཤང་སྲིད་གཞུང་དང་། ཤང་སློབ་ཆུང་། དེ་བཞིན་ཉེ་འདབས་གྲོང་ཚོ་བཅས་ཀྱི་འཐུང་ཆུའི་གནད་དོན་ཐག་གཅོད་ཐུབ་པ། ལྷ་གསུམ་གྲོང་ཚོའི་ཆ་ཚང་སློབ་ཆུང་གི་ཟ་ཁང་རྣམ་གྲངས་ཀྱིས་དགེ་སློབ་130ལྷག་ཙམ་གྱི་བཟའ་བཅའི་གནད་དོན་ཐག་གཅོད་ཐུབ་པ་བཅས་རེད།
ཇི་ལྟར་བྱས་ཏེ་དམངས་ཕྱུག་བོད་དར་མངོན་འགྱུར་བྱེད་པའི་ཐད་ཧུའུ་ཀྲི་ཅུན་གྱིས་ཐོན་ལས་སྐུལ་ཁྲིད་དང་ཤེས་ལྡན་མི་སྣ་གསོ་སྐྱོང་གི་ཕྱོགས་གཉིས་ལ་དམ་འཛིན་བྱས་ཡོད།
གཏེར་ཐོན་ཐོན་ཁུངས་དང་ཁྱད་ལྡན་འདེབས་འཛུགས་ནི་བྲག་གཡབ་རྫོང་གི་ལེགས་ཆ་ཆེ་ཁག་གཉིས་ཡིན་པས་ཁེ་ལས་ཀྱི་རྒྱབ་སྐྱོར་འོག ཧུའུ་ཀྲི་ཅུན་གྱིས་ཡུལ་དེའི་གཏེར་ཐོན་ཐོན་ཁུངས་གསར་སྤེལ་བྱ་རྒྱུ་བོད་སྐྱོར་ལས་དོན་ནང་བཞག་པ་དང་འབྲེལ། བོད་སྐྱོར་མ་དངུལ་བཏང་ནས་དེང་རབས་ཅན་གྱི་ཞིང་ལས་དཔེ་སྟོན་ཐོན་ལས་གླིང་མུ་མཐུད་བསྐྲུན་པར་མང་ཚོགས་དེ་བས་མང་བར་ཕན་པ་ཐོབ་པ་རེད།
ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ཐད་2013ལོའི་ཟླ་བརྒྱད་པ་ནས་བཟུང་ཧུའུ་ཀྲི་ཅུན་གྱིས་ཡུལ་དེའི་ལས་བྱེད་པ་ཁག་ལྔ་སྒྲིག་འཛུགས་བྱས་ཏེ་ནང་སར་རྟོག་ཞིབ་དང་སློབ་སྦྱོང་བྱེད་དུ་བཏང་བར་རིམ་རྩིས་བྱས་ན་ལས་བྱེད་པ་113གསོ་སྦྱོང་བྱས་པ་རེད།
དེས་མ་ཚད་ཧུའུ་ཀྲི་ཅུན་གྱིས་དཀའ་ངལ་ཡོད་པའི་མང་ཚོགས་གཞན་དག་ལའང་ནུས་པས་ལྕོགས་ཚོད་ཀྱིས་རོགས་རམ་བྱས་ཤིང་། “གཞི་རིམ་དུ་བསྐྱོད་པ་དང་མང་ཚོགས་དང་འབྲེལ་འདྲིས་བྱས་པ་ལས་ངར་ཕན་ཐོགས་ཆེན་པོ་བྱུང་། མི་ཚེའི་བཀྲག་མདངས་འཚེར་ས་རྙེད་པ་མ་ཟད་ཡུལ་དེ་དང་ཡུལ་དེའི་མི་དམངས་ལ་བཅངས་པའི་བརྩེ་སེམས་ཟབ་ཏུ་ཕྱིན་སོང”ཞེས་ལོ་གསུམ་སོང་རྗེས་ཧུའུ་ཀྲི་ཅུན་གྱིས་དེ་ལྟར་ཕྱོགས་སྡོམ་བྱས།