“ནས་ནི་རྩམ་པའི་རྒྱུ་ཆ་གཙོ་བོ་ཞིག་ཡིན་པ་མ་ཟད། དབྱེ་ཞིབ་དང་ཐིག་ལེན་གཏན་འཁེལ་གྱི་ལག་རྩལ་འཕེལ་རྒྱས་ཕྱིན་པ་དང་སྦྲགས་ནས་ཀྱི་ཕན་ཡོན་ལ་ཆ་མཚོན་ན། མི་སྔར་ལས་མང་བ་ཞིག་གིས་ཤེས་རྟོགས་ཀྱང་ཐུབ་ཡོད། ནས་ཀྱི་ཐོན་རྫས་ཀྱི་ཐུན་མོང་མ་ཡིན་པའི་གྲུབ་ཆ་དང་འཚོ་བཅུད་ནུས་པར་ཀུན་གྱིས་ཁས་ལེན་དང་དེར་དགའ་པོ་བྱེད་ཀྱི་ཡོད”ཅེས་ལྗོངས་ཞིང་ལས་ཚན་རིག་ཁང་གི་ལས་དོན་མི་སྣ་ཀྲང་ཡུས་ཧུང་གིས་བཤད་པ་རེད།
མིག་སྔར་ལྗོངས་ཞིང་ལས་ཚན་རིག་ཁང་གིས་ཞིབ་བཟོ་ལེགས་གྲུབ་ཐུབ་པའི་ནས་ཀྱི་མྱུར་བཞུའི་ཕྱེ་ཞིབ་དང་། ནས་ཀྱི་འཚོ་བཅུད་ཐུག་པ། ནས་ཀྱི་འཁྱོག་གཅུས་ཏན་ཞིམ་སོགས་ཕྲ་ཞིང་ཞིབ་པའི་བཟའ་བཅའ་ཡོད་ཁར། ཚིལ་ཆག་སྐྲན་འགོག་སོགས་ཀྱི་ནུས་པ་ལྡན་པའི་ནས་ཀྱི་བདེ་སྲུང་ཐོན་རྫས་ཀྱང་བཏོན་ཡོད། ནས་སྐྱུར་བསྙལ་གྱི་བཟའ་བཅའི་ཐད་ནས་ཀྱི་འབྲས་ཕབས་བསྙལ་མ་དམར་པོའི་ཨ་རག་དང་ཚུའུ་གྲུབ་འབྲས་ཐོབ་པའི་ངང་ཞིབ་བཟོ་བྱས་པ་རེད།
“‘ལོ་ལྔ་ཚན་བཅུ་གསུམ་པའི’རིང་ངེད་ཞིབ་འཇུག་ཁང་གིས་ནས་སྐྱུར་བསྙལ་གྱི་ལག་རྩལ་དང་ཁྱད་ལྡན་འཐུང་ཆུའི་གཏོང་ཆ་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ། འདི་ལོའི་ལོ་མཇུག་ཏུ་ངེད་ཞིབ་འཇུག་ཁང་དང་ཁེ་ལས་མཉམ་ལས་ཀྱིས། ནས་ཀྱི་འབྲས་ཕབས་བསྙལ་མ་དམར་པོའི་ཚུའུ་ཐོན་སྐྱེད་བྱེད་པ་དང་ཁྲོམ་རར་འདོན་རྒྱུ་ཡིན”ཞེས་ཀྲང་ཡུས་ཧུང་གིས་བཤད་པ་རེད།
རང་ལྗོངས་ལ་ཕུན་སུམ་ཚོགས་པའི་ཞིང་འབྲོག་ལས་ཐོན་རྫས་ལས་སྣོན་གྱི་མ་བཅོས་རྒྱུ་ཆའི་ཐོན་ཁུངས་ལྡན་ཡོད། ནས་དང་། འབྲི་གཡག ལུག བོད་སྨན་རྒྱུ་ཆ་ལ་སོགས་པས་ས་མཐོའི་ཁྱད་ལྡན་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་། རང་ལྗོངས་སུ་ཁྱད་ལྡན་འཐུང་ཆ་ལས་སྣོན་ལས་རིགས་དང་། ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས། སྒོ་ཕྱུགས་དང་ཁྱིམ་བྱའི་ཐོན་རྫས་ལས་སྣོན་ལས་རིགས། ནགས་ཁྲོད་ཐོན་རྫས་ལས་སྣོན་ལས་རིགས། ཁྱད་ལྡན་ཞག་ཚི་ལས་སྣོན་ལས་རིགས། བདེ་སྲུང་བཟའ་བཅའ་ལས་སྣོན་ལས་རིགས་བཅས་ཁྱབ་ཁོངས་ཆེན་པོ་དྲུག་རགས་ཙམ་ཆགས་ཡོད། ནས་ཀྱི་ཨ་རག་དང་འབྲིའི་འོ་མ་སོགས་ཐོན་རྫས་ཀྱིས་གཙོ་བོར་བྱས་པའི་ཁྱད་ལྡན་བཟའ་བཅའི་ཐོན་ལས་འཕེལ་རྒྱས་མྱུར་པོ་ཕྱིན་ཡོད་པ་རེད།
རང་སྐྱོང་ལྗོངས་བཟོ་ལས་དང་ཆ་འཕྲིན་ཐིང་གི་མའོ་པེ་ཡིས། སླད་ཕྱིན་རང་ལྗོངས་ཀྱིས་ལེགས་ཆར་བརྟེན་པ་དང་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་རྟེན་གཞི་གོ་སྐབས་སུ་བྱས་ནས། ལྗང་མདོག་སྣོད་བཅུད་ཞིང་ལས་ཐོན་རྫས་ཀྱི་ནུས་ལྡན་མཁོ་སྤྲོད་ཆེ་རུ་གཏོང་རྒྱུ་དང་། མཁོ་སྤྲོད་གྲུབ་ཆས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་བཏང་རྗེས་དགོས་མཁོའི་གྲུབ་ཆའི་ཕྱོགས་སྒྱུར་རིམ་སྤོར་གྱི་འཚམ་མཐུན་རང་བཞིན་དང་སྟབས་བསྟུན་རང་བཞིན་ཆེ་རུ་གཏོང་རྒྱུ། ས་མཐོའི་ཁྱད་ལྡན་ལྗང་མདོག་སྣོད་བཅུད་ཞིང་ལས་ཐོན་རྫས་ལས་སྣོན་རྟེན་གཞི་ཧུར་ཐག་གཏོད་རྒྱུ་ཡིན་ཞེས་བཤད་པ་རེད། འདི་ལོའི་ཟླ་5པའི་ཟླ་མཇུག་བར་ལྗོངས་ཡོངས་ཀྱི་ཞིང་ཞོར་ཐོན་རྫས་ལས་སྣོན་ལས་རིགས་ཀྱི་གཏན་འཇགས་རྒྱུ་ནོར་མ་དངུལ་སྒོར་དུང་ཕྱུར་1.2ཟིན་པ་དེ་དུས་མཚུངས་ལས་136%འཕར་བ་དེ་ཐོག་ནས། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་ལྗོངས་ཀྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་ལས་སྣོན་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་ཞིག་འཕྲད་རྒྱུ་ཡིན་པ་མཚོན་གྱི་ཡོད་པ་རེད།