དབུ་ཤོག>གསར་འགྱུར།
  • ལྗོངས་མི་དམངས་སྨན་ཁང་འཇུ་བྱེད་ཚན་ཁག་གི་ཀྲུའུ་རེན་ལི་ཡོན་ལ་བཅར་འདྲི་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-08-06

    རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ནས་གསར་འགོད་པར་འཇུ་བྱེད་ཚན་ཁག་གི་ཀྲུའུ་རེན་པེ་ཅིང་སློབ་ཆེན་སྨན་ཁང་གསུམ་པའི་ཀྲུའུ་རེན་གཞོན་པ་སྨན་པ་དཀའ་བཅུ་པ་ལི་ཡོན་ཕྲད་བྱུང་། ཁོང་གིས་ལོ་གཅིག་རིང་གི་རང་ཉིད་ཀྱིས་བསྒྲུབས་པའི་བོད་སྐྱོར་ལས་དོན་ལ་སྐར་མ་བརྒྱབ་ན་སྐར་མ་80ལས་མེད་ཅེས་བརྗོད་བྱུང་།

    གསར་འགོད་པས“བྱས་ན་ཁྱེད་ཀྱི་སྐར་མ་20དེ་གང་ནས་འཐེན་པ་ཡིན་ནམ”ཞེས་དྲིས་པས། ཁོང་གིས“ཐོག་མར་འདིར་འབྱོར་སྐབས་ས་མཐོའི་གནམ་གཤིས་དང་ཁོར་ཡུག་གསར་པ་གོམས་དགོས་པས། ཟླ་གཅིག་ནང་གཞི་ནས་གོམས་པ་དང་ལས་ཀ་ཡང་རིམ་གྱིས་བྱེད་ཐུབ་པ་བྱུང་བས། དེ་ནས་སྐར་མ་ཉི་ཤུ་འཐེན་པ་ཡིན”ཞེས་བརྗོད། ལོ་གཅིག་ནང་ཁོང་ལ་གྲུབ་འབྲས་མང་པོ་ཐོབ་པའི་ཚོར་སྣང་བྱུང་ལ། རང་ཉིད་ཀྱི་སེམས་ཁམས་དང་བསམ་བློར་ཡང་སྦྱོང་བརྡར་ཆེན་པོ་ཐེབས་ཀྱང་། ད་དུང་དེ་ལས་ཡག་པོ་བྱེད་ཐུབ་པའི་སྣང་བ་ཞིག་ཡོང་གི་ཡོད། ཁོང་གིས“ང་ཚོར་རང་ཉིད་ཀྱི་རྩལ་ནུས་སྔར་བས་མཐོ་རུ་གཏོང་བ་དང་འཕྲོད་སྦྱོར་ཤེས་བྱ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ་རྒྱ་ཆེའི་མི་དམངས་མང་ཚོགས་ཚོར་དུས་རྒྱུན་དུ་འཕྲོད་སྦྱོར་བྱ་རྒྱུ་ནི་སྨན་བཅོས་ལས་གལ་འགངས་ཆེ་བ་ཡོད་པ་ཤེས་སུ་འཇུག་རྒྱུ་ཡིན”ཞེས་བརྗོད།

    2015ལོའི་ཟླ་བ་བརྒྱད་པར་ལི་ཡོན་རང་ཉིད་ཀྱིས་མིང་ཐོ་བཀོད་པ་དང་ཚན་པས་བཏང་བ་བརྒྱུད། ཀྲུང་དབྱང་རྩ་འཛུགས་པུའུ་དང་། རྒྱལ་ཁབ་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་བཅས་ཀྱིས་སྒྲིག་འཛུགས་བྱས་པའི་ཁག་དང་པོའི“ཚོགས་སྒྲིག་རྣམ་པའི”སྨན་བཅོས་བོད་སྐྱོར་ལས་དོན་ལ་ཞུགས་ཤིང་། “བོད་སྐྱོར་ནི་རྒྱལ་ཁབ་ཀྱི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་ཤིག་རེད། དེར་ཞུགས་མཁན་གྱི་ང་ཚོའི་ངོས་ནས་བརྗོད་ན། གཟི་བརྗིད་ཡིན་པའི་ཚོར་སྣང་ཡོང་གི་འདུག་ལ། འགན་འཁྲི་ལྕི་པོ་ཡོད་པ་ཡང་ཚོར་གྱི་འདུག”ཅེས་བརྗོད་ཀྱི་འདུག་ལ། དོན་དུའང་ཁོང་གིས་བོད་ཀྱི་མི་དམངས་ལ་བརྩེ་སེམས་ཟབ་མོ་བཅངས་ཏེ་ལས་དོན་ཁྲོད་འགན་འཁྲི་གཙང་མར་བསྒྲུབས་ཏེ་རང་ཉིད་ཀྱི་ནུས་པ་ཡོད་ཚད་འདོན་གྱི་ཡོད།

    རང་ལྗོངས་ཀྱི་དོན་དངོས་དང་བསྟུན་ནས། ལི་ཡོན་དང་བཅས་པས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་འཇུ་བྱེད་ཚན་ཁག་ཏུ་རིགས་ཁག་གི་རིག་གཞུང་བྱེད་སྒོ་སྒྲིག་འཛུགས་ཧུར་ཐག་བྱས་པའི་ཐོག་འཇུ་བྱེད་ཚན་ཁག་ལ་གཞོགས་འདེགས་བྱས་ཏེ་བོད་རང་སྐྱོང་ལྗོངས་འཇུ་བྱེད་ནད་སྨན་བཅོས་འཕེལ་རིམ་ཚོགས་འདུ་འཚོགས་ནས་རང་ལྗོངས་ཀྱི་འཇུ་བྱེད་རིག་ཚན་རིག་གཞུང་གི་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་ཞིང་། ལོ་གཅིག་ནང་གཟའ་འཁོར་རེར་ནད་སྐོར་ཐེངས་ལྔ་ནས་དྲུག་བར་བརྒྱབ་པ་དང་། ནད་ཐོག་སྨན་བཅོས་སྒྲིག་སྲོལ་ལམ་ལུགས་བརྒྱད་དང་རིག་ཚན་བགྲོ་གླེང་ཐེངས་21སྤེལ་བ། བོད་རང་སྐྱོང་ལྗོངས་ཤེས་ལྡན་པའི་ཐོན་ཁུངས་གསར་སྤེལ་གྱི་ཆེད་དོན་མ་དངུལ་རྣམ་གྲངས་1རེ་ཞུ་བྱས་པ། ཚན་ཁག་ལ་གཞོགས་འདེགས་བྱས་ནས་ཞིབ་འཇུག་བྱ་གཞི་3ལེགས་སྒྲུབ་བྱས་པ། ཚན་ཁག་གི་སྣེ་ཁྲིད་ནས་མི་4གཙོ་གནད་ཐོག་གསོ་སྦྱོང་བྱས་པ། ནད་པ་མི་ཐེངས་50ལ་ནད་ལྟ་སྨན་བཅོས་བྱས་པ། སློབ་སྦྱོང་འཛིན་གྲྭ་ཐེངས་1གཉེར་བ། སློབ་སྦྱོང་འཛིན་གྲྭར་སློབ་ཚན་ཐེངས་2འཁྲིད་པ། བོད་ཀྱི་སྨན་དོན་མི་སྣ་སྒྲིག་འཛུགས་བྱས་ཏེ་ནང་སའི་སྨན་ཁང་དང་རིག་གཞུང་སྤེལ་རེས་ཐེངས་2བྱས་ཡོད། ལས་ཀའི་ནང་ཁོང་ནི་གཤིས་ཀ་འཇམ་ལ་གཞན་ལ་རོགས་རམ་བྱ་རྒྱུར་སྤྲོ་བ་དང་ལས་རོགས་ཚོ་དང་འཆམ་པོ་ཡོད་པས་ཚང་མས་ཁས་ལེན་དང་བརྩི་འཇོག་བྱེད་ཀྱི་ཡོད།

    “མི་སེར་ཚོ་ལྷག་བསམ་རྣམ་དག་ཅིག་འདུག ཁོང་ཚོའི་རྣམ་འགྱུར་ལས་གངས་ལྟར་དཀར་བའི་སེམས་པ་ཞིག་ཡོད་པ་ཚོར་གྱི་འདུག པེ་ཅིང་དང་བོད་ས་ཐག་རིང་ཡང་ཚོགས་སྒྲིག་རྣམ་པའི་སྨན་བཅོས་བོད་སྐྱོར་གྱི་ལས་སྟེགས་བརྒྱུད་ང་ཚོའི་དབར་ཐག་ཉེ་རུ་ཕྱིན་ཡོད། བོད་དང་ཁ་བྲལ་ནའང་ནམ་ཡང་བརྗེད་ས་མ་རེད”ཅེས་བརྗོད་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།