དབུ་ཤོག>གསར་འགྱུར།
  • སྤྱི་ལོ་2016ལོའི་ལོ་སྟོད་དུ་བོད་ལྗོངས་ཀྱི་དཔལ་འབྱོར་གོང་འཕེལ་བརྟན་པོ་དང་ཅུང་མགྱོགས་པའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་པ།

  • ཡོང་ཁུངས།  བོད་ལྗོངས་འཕྲིན་དྲ།   |     སྤེལ་དུས།  2016-08-04

    ཉེ་དུས།  སྐོང་འཚོགས་བྱས་པའི་སྤྱི་ལོ་2016ལོའི་ལོ་སྟོད་ཀྱི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་བརྡ་ཁྱབ་དང་དཔལ་འབྱོར་ལས་དོན་བཀོད་སྒྲིག་གི་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་ནས་གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན།  ལོ་སྟོད་དུ་ལྗོངས་ཡོངས་ཀྱི་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རྫས་རིན་ཐང་དེ་དུས་མཚུངས་པ་དང་བསྡུར་ན་བརྒྱ་ཆ་10.6འཕར་ཞིང་འཕར་སྣོན་མྱུར་ཚད་ཁྲུང་ཆེན་གྲོང་ཁྱེར་དང་ལྷན་དུ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་དང་།  གཏན་འཇགས་རྒྱུ་ནོར་གྱི་མ་འཇོགས་བརྒྱ་ཆ་19.9འཕར་ཞིང་འཕར་སྣོན་མྱུར་ཚད་རྒྱལ་ཡོངས་ཀྱི་ཨང་གཉིས་པ་ཡིན་པ།  གྲོང་གསེབ་དང་གྲོང་རྡལ་གྱི་གྲོང་མིའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཁག་སོ་སོར་བརྒྱ་ཆ11.7དང་བརྒྱ་ཆ་10.4འཕར་ཞིང་འཕར་སྣོན་མྱུར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་བཅས་བྱུང་ཞིང་།  ལོ་སྟོད་དུ་རང་ལྗོངས་ཀྱི་དཔལ་འབྱོར་དམིགས་ཚད་གཙོ་བོ་ཚང་མ་ལོ་མགོའི་སྔོན་དཔག་དང་འཚམ་པའམ་བརྒལ་ཡོད།

    ལོ་ལྔ་ཚན་བཅུ་གསུམ་པའི་འགོ་ཚུགས་ལོ་ཡིན་པའི་ངོས་ནས།  ལོ་སྟོད་དུ་རང་ལྗོངས་ཀྱི་དཔལ་འབྱོར་གོང་འཕེལ་བརྟན་པོ་དང་ཅུང་མགྱོགས་པོ་འགྲོ་བའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་པ་དང་དཔལ་འབྱོར་གོང་འཕེལ་གྱི་སྤུས་ཚད་གོང་མཐོར་ཕྱིན་ཡོད།  ལྗོངས་ཡོངས་ཀྱི་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་471ལེགས་སྒྲུབ་བྱས་པ་དེ་ལོ་གོང་མའི་དུས་མཚུངས་པ་དང་བསྡུར་ན་བརྒྱ་ཆའི་གྲངས་1.5ཡིས་མཐོ་བ་ཡོད།  དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར་38ཟིན་ནས་བརྒྱ་ཆ་3.7འཕར་བ་དང་།

    ཐོན་ལས་གཉིས་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར་140ཟིན་ནས་བརྒྱ་ཆ་13.6འཕར་བ།  ཐོན་ལས་གསུམ་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར་293ཟིན་ནས་བརྒྱ་ཆ་10.1འཕར་ཡོད་པ་བཅས་རེད།

    སྤྱི་ལོ་2016ལོའི་ཚུན་དུ།  རང་ལྗོངས་ཀྱིས་ཕྱོགས་ཡོངས་ནས་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་བྱས་ནས་རང་འགུལ་ངང་དཔལ་འབྱོར་གོང་འཕེལ་གྱི་རྒྱུན་རྣམ་གསར་པ་དང་འཚམ་པ་བྱེད་པ་དང་།  མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆ་རང་བཞིན་གྱི་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ།  དབུལ་གྲོལ་འགག་སྒྲོལ་ལས་དོན་ལ་ཤུགས་སྣོན་རྒྱག་པ།  རྣམ་གྲངས་འཛུགས་སྐྲུན་དང་ཁྱད་ལྡན་ཐོན་ལས་ཀྱི་འཛུགས་སྐྲུན་དམ་འཛིན་བྱེད་པ།  དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་ལག་བསྟར་བྱེད་མགྱོགས་སུ་བཏང་བས།  ལྗོངས་ཡོངས་ཀྱི་དཔལ་འབྱོར་ལེགས་ལ་མྱུར་བའི་སྒོ་ནས་གོང་འཕེལ་འགྲོ་བའི་རྣམ་པ་རྒྱུན་འཁྱོང་ཐུབ་པ་དང་གཞི་རྩའི་ཆ་ནས་དུས་ཚོད་ཕྱེད་ཀ་བརྒལ་བ་དང་ལས་འགན་ཕྱེད་ཀ་སྒྲུབ་ཟིན་པའི་དམིགས་ཚད་མངོན་འགྱུར་བྱུང་བ་རེད།

    ལྷ་ཉིང་ལྕགས་ལམ་གྱི་གཙོ་གནད་ཚོད་འཛིན་རང་བཞིན་གྱི་ལས་གཞི་དང་ཉིང་ཁྲིའི་སྨན་གླིང་གནམ་གྲུ་ཐང་གི་མཁའ་འགྲུལ་ས་ཚིགས་ཁུལ་གྱི་བསྒྱུར་བཟོ་དང་རྒྱས་སྐྲུན་ལས་གཞི་བདེ་བླག་ངང་སྤེལ་བ་དང་།  ལ་ལྷོ་ཆུ་བེད་ལྟེ་བ་དང་སྒྲིག་བཀོད་ཆ་ཚང་གི་ཆུ་འདྲེན་ཁུལ་གྱི་ལས་གཞི་དང་གཙང་བྱང་ཆུ་འདྲེན་ཁུལ་སོགས་ཀྱི་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་བ།  རྡོ་ཕུར་ཆུ་གློག་ས་ཚིགས་ཚང་མ་འཁོར་སྐྱོད་བྱས་པ་དང་རེ་འཁོར་གསར་པའི་ཞིང་ལས་དྲ་བ་བསྒྱུར་བཟོ་རིམ་སྤོར་ལས་གཞི་འཛུགས་སྐྲུན་བྱེད་འགོ་ཚུགས་པ་སོགས་གཙོ་གནད་རྣམ་གྲངས་དེ་དག་འཛུགས་སྐྲུན་བྱས་པ་དེས་གཏན་འཇགས་རྒྱུ་ནོར་མ་འཇོག་འཕར་སྣོན་ཅུང་མགྱོགས་པོ་ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད།

    དེ་དང་ཆབས་ཅིག  གོང་འཕེལ་རྒྱུ་རྐྱེན་གྱི་འདེགས་སྐྱོར་སྟོབས་ཆེ་བས་ནོར་ཁྲལ་དངུལ་རྩའི་འཁོར་སྐྱོད་ལེགས་པ་དང་སྣུམ་དང་གློག  འབར་རླངས།  སྐྱེལ་འདྲེན་སོགས་ཀྱི་རྒྱུ་རྐྱེན་འགན་སྲུང་ནུས་ལྡན་བྱུང་བ།  ཁྲོམ་རའི་ཚོང་དུད་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་པ་བཅས་བྱུང་བ་དང་།  དམངས་འཚོ་འགན་སྲུང་ལ་གཏོང་འཇོག་བྱེད་ཤུགས་ཆེ་རུ་བཏང་བས་དབུལ་སྐྱོར་ལས་དོན་བདེ་བླག་ངང་བྱུང་བ་དང་།  ས་ཡོམ་གནོད་འཚེ་ཕོག་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་གྱི་འཕེལ་རིམ་བདེ་བླག་བྱུང་བ།  སྤྱི་ཚོགས་འགན་སྲུང་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ།  སྤྱི་ཚོགས་བྱ་གཞག་རྒྱུན་ཆད་མེད་པར་ཡར་ཐོན་བཅས་བྱུང་བ།  བསྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་བྱས་པས་དཔལ་འབྱོར་སྒྲིག་གཞིའི་བསྒྱུར་བཅོས་མངོན་གསལ་དོད་པ་དང་ཕྱི་ནང་ལ་སྒོ་དབྱེ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ།  སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཡག་པོ་བྱུང་བ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།