2011ལོར་སློབ་གསོ་པུས《བོད་རང་སྐྱོང་ལྗོངས་ཀྱི་མཐོ་རིམ་སློབ་གྲྭའི་ལས་དོན་ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》འགྲེམས་སྤེལ་བྱས་ནས་པེ་ཅིང་ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་ཆེན་གྱིས་ཙུའུ་ཀྲང་ཚན་པ་བྱས་པ་དང་། ཧའར་པིན་གསོ་རིག་སློབ་ཆེན་དང་། ཅང་ཤིས་ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་ཆེན་བཅས་མཐོ་སློབ་གསུམ་གྱི་ཚོགས་པ་བཙུགས་ནས་བོད་ལྗོངས་གསོ་རིག་སློབ་གླིང་ལ་ཁ་གཏད་རོགས་སྐྱོར་བྱས་པ་རེད། 2013ལོ་ནས་བཟུང་ཐའོ་ཞའོ་ཧྭ་དང་། ལིའུ་པའོ་ཆིང་། ལིའུ་ཅིན་ཤང་སོགས་བློ་མཐུན་13ལས་གྲུབ་པའི་ཁག་བདུན་པའི་བོད་སྐྱོར་ལས་དོན་རུ་ཁག་གིས་བོད་ལྗོངས་གསོ་རིག་སློབ་གླིང་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་གསར་པ་ཞིག་བཏོད་ཡོད། ཉེ་ཆར་གསར་འགོད་པས་བོད་ལྗོངས་གསོ་རིག་སློབ་གླིང་དུ་བསྐྱོད་ནས་ཁོང་ཚོའི“བོད་སྐྱོར་ཉམས་མྱོང”ལེགས་པར་ཉན་པ་ཡིན།
2013ལོའི་ཟླ་7པར་བོད་ལྗོངས་གསོ་རིག་སློབ་གླིང་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་ཁག་བདུན་པའི་བོད་སྐྱོར་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་ཡིན་པའི་ཐའོ་ཞའོ་ཧྭ་པེ་ཅིང་ཀྲུང་ལུགས་གསོ་རིག་སློབ་ཆེན་ནས་བོད་ལྗོངས་གསོ་རིག་སློབ་གླིང་དུ་ཡོང་། བོད་དུ་འབྱོར་མ་ཐག་ཐའོ་ཞའོ་ཧྭ་ཡིས་དང་ཐོག་ས་མཐོའི་ལ་དུག་ཕོག་པའི་དཀའ་ངལ་ཁྱད་བསད་བྱས་ཤིང་།
བོད་ལྗོངས་གསོ་རིག་སློབ་གླིང་ཏང་ཨུད་ཀྱི་ཨུ་ཡོན་ཡོན་ཀྲང་གཞོན་པ་ཡིན་པའི་ཆ་ནས་ཐའོ་ཞའོ་ཧྭ་ཡིས་སེམས་ནུས་ཚང་མ་ལས་ཀའི་ཐོག་བཞག་སྟེ་སྔ་རྗེས་སུ་སློབ་གླིང་ཏང་ཨུད་གཞུང་ལས་ཁང་དང་། རྩ་འཛུགས་གཞུང་ལས་ཁང(མི་དོན་ཁྲུའུ) ཚན་ཞིབ་ཁྲུའུ། ཞིབ་འཇུག་སློབ་མའི་ཁྲུའུ་བཅས་ལ་ཆེད་དོན་དོ་དམ་བྱས་ནས་དོ་དམ་དང་། སློབ་ཁྲིད། ཚན་ཞིབ་བཅས་ལ་འགན་འཁུར་མཁན་ལས་བྱེད་པ་ཞིག་ཏུ་གྱུར་ཡོད། ལོ་གསུམ་ཙམ་གྱི་དུས་ཚོད་ལ་ཕྱིར་དྲན་བྱེད་བཞིན་ཐའོ་ཞའོ་ཧྭ་ཡིས“ལོ་གསུམ་གྱི་དུས་ཚོད་ལ་ཚད་གཞི་ཡོད། ཡིན་ནའང་ངས་ལོ་གསུམ་གྱི་ཚད་ཡོད་དུས་ཚོད་ནང་བྱ་བ་བཟང་པོ་མང་ཙམ་བསྒྲུབས་ཏེ་བོད་ལུགས་གསོ་རིག་སློབ་གླིང་ལ་ཉམས་མྱོང་དེ་བས་མང་བ་འཇོག་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་བཤད།
ཐའོ་ཞའོ་ཧྭ་ཡིས་བོད་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ནས་བོད་ལྗོངས་གསོ་རིག་སློབ་གླིང་གིས་2014ལོའི་སློབ་གྲྭ་ལྔའི་ཁ་གཏད་རོགས་སྐྱོར་ལས་དོན་གྱི་མཐུན་སྦྱོར་ཚོགས་འདུ་དང་། 2015ལོའི་རྒྱལ་ཡོངས་ཀྱི་སྐབས་དང་པོའི་བོད་ལུགས་གསོ་རིག་དང་བོད་སྨན་ཞིབ་འཇུག་སློབ་མའི་སློབ་གསོའི་ལས་དོན་ཚོགས་འདུ། རྒྱལ་ཡོངས་ཀྱི་མཐོ་སློབ་ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་གླིང་དང་སློབ་གྲྭའི་ཏང་འཛུགས་སྐྱོང་དང་བསམ་བློ་ཆབ་སྲིད་ལས་དོན་གྱི་ཞིབ་འཇུག་ཚོགས་འདུའི་སྐབས་བདུན་པའི་ལས་འཛིན་ཚོགས་འདུ་ཐེངས་གཉིས་པ་དང་སྐབས་ཉེར་བཞི་པའི་ལོ་ཚོགས་བཅས་གཙོ་གཉེར་ཐུབ་པ་བྱས་ཡོད། ཚོགས་འདུའི་ཇུས་གཞི་འགོད་པ་དང་ཡིག་ཆ་རྩོམ་འབྲི་བྱེད་པ་ནས་ཞིབ་ཕྲའི་དོན་འཁྱོལ་བྱེད་པའི་བར་ཐའོ་ཞའོ་ཧྭ་ཡིས་སེམས་ནུས་ཡོད་རྒུ་འདོན་སྤེལ་བྱས་ཡོད། ཚོགས་འདུ་དེ་དག་ལེགས་གྲུབ་ལྡན་པའི་ངང་འཚོགས་པ་དེས་སྤྱི་ཚོགས་ཐོག་བོད་ལྗོངས་གསོ་རིག་སློབ་གླིང་གི་སྤྱིའི་ཤུགས་རྐྱེན་ཐེབས་ནུས་ཆེ་རུ་ཤུགས་ཆེན་ཕྱིན་ཡོད་པ་རེད།
ཀྲུང་གོ་གསོ་རིག་སློབ་ཆེན་རིགས་པའི་གཞུང་ལུགས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་གཞོན་པ་ལི་ཚའོ་ལུང་བོད་སྐྱོར་ལས་དོན་ནང་ཞུགས་རྗེས་བོད་ལྗོངས་གསོ་རིག་སློབ་གླིང་ཚན་ཞིབ་ཁྲུའི་ཁྲུའུ་ཀྲང་གཞོན་པའི་འགན་ཁུར། 2015ལོའི་ཟླ་3པར་བོད་དུ་འབྱོར་རྗེས་ལི་ཚའོ་ལུང་གིས་རང་ཉིད་ཀྱི་ཆེད་ལས་ལེགས་པར་སྤྱད་ནས་ལོ་གཅིག་གི་དུས་ཚོད་ནང་བོད་ལྗོངས་གསོ་རིག་སློབ་གླིང་ལ་ཆེད་ལས་རིམ་པའི་ཚོད་ལྟའི་ལས་སྟེགས་3དང་། བོད་ལྗོངས་ས་མཐོའི་སྐྱེ་དངོས་དང་བོད་ལུགས་གསོ་རིག་དང་བོད་སྨན་ཚོད་ལྟའི་ལས་སྟེགས། བོད་ལུགས་གསོ་རིག་དང་བོད་སྨན་གྱི་སྨན་ནུས་རིག་པའི་ལས་སྟེགས། SPEཡི་སྲོག་ཆགས་ཚོད་ལྟ་ཁང་གི་ལས་སྟེགས་བཅས་བསྐྲུན་པ་དང་། ཚན་རིག་ཞིབ་འཇུག་གི་རྐང་འཛིན་དགེ་རྒན་མང་པོ་ཞིག་གི་ཚན་ཞིབ་དཔྱད་རྩོམ་ལ་བཟོ་བཅོས་རྒྱག་རོགས་བྱས་པ། ཁོང་ཚོར་ཚན་ཞིབ་རྣམ་གྲངས་རེ་ཞུ་བྱེད་རོགས་བྱས་ནས་བོད་ལྗོངས་གསོ་རིག་སློབ་གླིང་གི་ཚན་ཞིབ་ནང་དོན་ཕུན་སུམ་ཚོགས་སུ་བཏང་ཡོད། ལི་ཚའོ་ལུང་ལ་སེམས་འགུལ་དང་དགའ་ཚོར་ཆེ་ཤོས་བྱུང་བ་ནི་ལས་ཀའི་གྲུབ་འབྲས་དེ་དག་མིན་པར་བོད་ལྗོངས་གསོ་རིག་སློབ་གླིང་དུ་རང་ཉིད་ལ་གཉེན་ཉེ་ལྟ་བུའི་སེམས་ཁུར་དང་གཅེས་སྐྱོང་ཐུབ་པ་དེ་ཡིན་པ་རེད།
ལི་ཚའོ་ལུང་གི་ངོས་ནས་བརྗོད་ན། རང་བྱུང་ཁོར་ཡུག་ལ་འཕྲོད་པ་ལས་དཀའ་ངལ་ཆེ་བ་ནི་སྐད་ཆའི་གོ་བརྡ་འཕྲོད་པ་བྱ་རྒྱུ་དེ་ཡིན་ཞིང་། ཁོང་ལས་ཀ་བྱེད་སའི་ཚན་ཞིབ་ཁྲུའུ་དང་ཚན་ཞིབ་སུའོ་རུ་རྒྱ་རིགས་ཁོང་གཅིག་པུ་ལས་མེད་པ་དང་བོད་སྐད་མ་ཤེས་པས་ལས་རོགས་ཚོ་དང་སྤེལ་རེས་བྱེད་སྐབས་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད། ལོ་གཅིག་གི་དུས་ཚོད་ནང་ཕན་ཚུན་གཤིབ་པ་བརྒྱུད་ལི་ཚའོ་ལུང་དང་ལས་རོགས་ཚོ་དབར་རིམ་གྱིས་རྒྱུས་མངའ་བྱུང་ནས་ཚང་མས་ཁོང་ལ་ཕུར་བུ་ཚེ་རིང་ཟེར་བའི་བོད་རིགས་ཀྱི་མིང་ཞིག་བཏགས་པ་རེད།
བཅར་འདྲི་མཇུག་འགྲིལ་ཉེར་ཡོད་པའི་མཚམས་སུ་ཉིན་གཅིག་གི་སློབ་ཚན་འཚོག་མཇུག་འགྲིལ་བའི་དགེ་རྒན་རྣམས་སློབ་ཁྲིད་ཐོག་ཁང་དང་ཚོད་ལྟ་ཁང་ཁག་ནས་གོམ་སྟབས་བརྟན་པོའི་ངང་དོན་ཡོང་བ་དང་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བའི་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་འཕེལ་རྒྱས་ཆེད་འབད་བརྩོན་བྱེད་མཁན་མི་དེ་དག་ནང་བོད་སྐྱོར་ལས་བྱེད་པའི་ལུས་གཟུགས་མཐོང་རྒྱུ་ཡོད་ལ་ཁོང་ཚོ་དེ་ཁུལ་གྱི་དགེ་སློབ་ཚོ་དང་འབྲེལ་འདྲིས་དམ་ཟབ་ཐུབ་ཡོད་པ་རེད། དེ་ནི་བོད་ལྗོངས་གསོ་རིག་སློབ་གླིང་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲོའུ་དབྱང་ཀོང་གིས་བརྗོད་པའི“གསོ་རིག་སློབ་གླིང་གི་ལས་དོན་ཁག་ཏན་ཏིག་སྤེལ་ཆེད་བོད་སྐྱོར་ལས་བྱེད་པས་སྒུལ་ཤུགས་བསྣན་ཡོད། བོད་སྐྱོར་ལས་བྱེད་པའི་རྒྱབ་ཀྱི་ཁ་གཏད་རོགས་སྐྱོར་བྱེད་མཁན་མཐོ་སློབ་བཞིས་རྒྱབ་སྐྱོར་བྱས་པ་དེ་བོད་ལྗོངས་གསོ་རིག་སློབ་གླིང་གི་ལས་དོན་ཁག་དེ་བས་ཡག་པོ་སྤེལ་ཐུབ་པའི་འགན་ལེན་ཐུབ་ཡོད”ཅེས་པ་ལྟར་ཡིན།