ལོ་ལྟར་བོད་སྐྱོར་དགེ་རྒན་800བོད་དུ་སློབ་སྐྱོར་བྱེད་པར་ཡོང་བ་དང་། བོད་ཀྱི་དགེ་རྒན་400ནང་སར་སློབ་སྦྱོང་བྱེད་པར་བསྐྱོད་པ། དཔེ་སྟོན་རང་བཞིན་གྱི་སློབ་གྲྭ་འབྲིང་ཆུང་ཁག་གཅིག་ལ་སྟོབས་ཤུགས་གཅིག་སྡུད་ཀྱིས་རོགས་སྐྱོར་བྱས་ནས་འཕེལ་རྒྱས་བཏང་བ་སོགས་ཡིན། འདི་ལོའི་ཟླ་བཞི་པའི་ཟླ་དཀྱིལ་དུ། “ཚོགས་སྒྲིག་རྣམ་པའི”སློབ་གསོའི་ཤེས་ལྡན་མི་སྣའི་བོད་སྐྱོར་ལས་དོན་ལྷ་སར་སྤེལ་འགོ་ཚུགས་ཤིང་། རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་སློབ་གསོའི་ཁྱབ་ཁོངས་ཀྱི་བཀྲག་མདངས་འཚེར་ས་མངོན་པའི་ལས་དོན་ཞིག་ཡིན་པའི“ཚོགས་སྒྲིག་རྣམ་པའི”སློབ་གསོའི་ཤེས་ལྡན་མི་སྣའི་བོད་སྐྱོར་ལས་དོན་གྱིས་དུས་སྐབས་གསར་པའི་སློབ་གསོའི་བོད་སྐྱོར་བྱེད་སྟངས་ཀྱི་གསར་གཏོད་གལ་ཆེན་ཞིག་ཡིན་པ་མཚོན་གྱི་ཡོད། ཟླ་གསུམ་རིང་། “ཚོགས་སྒྲིག་རྣམ་པའི”སློབ་གསོའི་ཤེས་ལྡན་མི་སྣའི་བོད་སྐྱོར་ལས་དོན་ལ་གྲུབ་འབྲས་རགས་ཙམ་ཐོབ་ཡོད་པ་རེད།
རང་ལྗོངས་ཀྱི་སློབ་གསོ་འཕེལ་རྒྱས་སྔར་བས་འགྲོ་མགྱོགས་སུ་གཏོང་ཆེད། 2015ལོར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག“ཚོགས་སྒྲིག་རྣམ་པའི”སློབ་གསོའི་ཤེས་ལྡན་མི་སྣའི་བོད་སྐྱོར་གྱི་འཐབ་ཇུས་བཀོད་སྒྲིག་བྱས་པ་དང་། བྱ་ཐབས་དེ་དེ་སྔོན་གྱི“ཁ་ཐོར་རྣམ་པའི”སློབ་སྐྱོར་གྱི་རྨང་གཞིའི་ཐོག་དཔེ་སྟོན་རང་བཞིན་གྱི་སློབ་གྲྭ་འབྲིང་ཆུང་ཁག་གཅིག་ལ་སྟོབས་ཤུགས་གཅིག་སྡུད་ཀྱིས་རོགས་སྐྱོར་བྱས་ནས་འཕེལ་རྒྱས་བཏང་ཡོད། དེ་དང་ཆབས་ཅིག་ཁག་འདིའི་དཔེ་སྟོན་སློབ་གྲྭ་བརྒྱུད་སློབ་གྲྭ་གཞན་དག་གི་སློབ་གཉེར་ཆུ་ཚད་ཕྱོགས་ཡོང་ནས་མཐོ་རུ་གཏོང་རྒྱུར་སྐུལ་ཁྲིད་དང་ཁྱབ་འགྱེད་ཐུབ་པ་དེས། རང་ལྗོངས་ཀྱི་སློབ་གསོའི་ཞན་ཆ་གསབ་རྒྱུ་དང་། ཕྱོགས་ཡོངས་ནས་བོད་ཀྱི“སྐད་གཉིས”ཀྱི་སློབ་གསོའི་སློབ་ཁྲིད་སྤུས་ཚད་ལེགས་སུ་གཏོང་རྒྱུ། སློབ་གསོའི་འདྲ་མཉམ་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།
“‘ཚོགས་སྒྲིག་རྣམ་པའི’སློབ་གསོའི་ཤེས་ལྡན་མི་སྣའི་བོད་སྐྱོར་བྱེད་སྟངས་དེ་སྔོན་གྱི་ཁ་ཐོར་རྣམ་པའི་སློབ་སྐྱོར་བྱེད་སྟངས་ནས་དཔེ་སྟོན་རང་བཞིན་གྱི་སློབ་གྲྭ་འབྲིང་ཆུང་ཁག་གཅིག་ལ་སྟོབས་ཤུགས་གཅིག་སྡུད་ཀྱིས་རོགས་སྐྱོར་བྱས་ནས་འཕེལ་རྒྱས་བཏང་བའི་བར་གྱུར་པ་དང་། བོད་ལྗོངས་དང་ནང་སའི་སློབ་གྲྭས་སྤུས་ལེགས་སློབ་གསོའི་ཐོན་ཁུངས་མཉམ་སྤྱོད་བྱེད་པའི་རྒྱུན་རྣམ་ཅན་གྱི་ལམ་སྲོལ་བཙུགས་པ་དེ་བོད་ཀྱི་སློབ་གསོའི་ཞན་ཆ་གསབ་རྒྱུ་དང་། ཕྱོགས་ཡོངས་ནས་བོད་ཀྱི‘སྐད་གཉིས’ཀྱི་སློབ་གསོའི་སློབ་ཁྲིད་སྤུས་ཚད་ལེགས་སུ་གཏོང་རྒྱུ། སློབ་གསོའི་འདྲ་མཉམ་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད”ཅེས“ཚོགས་སྒྲིག་རྣམ་པའི”སློབ་གསོའི་ཤེས་ལྡན་མི་སྣའི་བོད་སྐྱོར་ལས་དོན་སྤེལ་འགོ་ཚུགས་པ་དང་གསོ་སྦྱོང་ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཧྥང་ལིང་མིན་གྱིས་གསུངས་པ་རེད།
རང་ལྗོངས་སུ་སློབ་གསོའི་ཤེས་ལྡན་མི་སྣའི་བོད་སྐྱོར་ལས་དོན་སྤེལ་ནས་ལོ་མང་སོང་ཞིང་། དེ་སྔོན་དགེ་རྒན་མངགས་གཏོང་བྱ་རྒྱུ་དེ་རོགས་སྐྱོར་ཐོབ་པའི་ས་ཁུལ་དང་གྲོང་ཁྱེར་དང་ཁ་གཏད་སློབ་གསོའི་བོད་སྐྱོར་གྱི་འགན་འཁུར་མཁན་ཞིང་ཆེན་དང་གྲོང་ཁྱེར་17དབར་གྲོས་མོལ་བྱས་ནས་གཏན་འཁེལ་བྱས་ཤིང་རོགས་སྐྱོར་ཐོབ་མཁན་ས་ཁུལ་དང་གྲོང་ཁྱེར་གྱིས་རོགས་སྐྱོར་མཁོ་བའི་སློབ་གྲྭར་བགོ་བ་དང་འདེམས་མངགས་བྱས་པའི་དགེ་རྒན་གྱི་བོད་སྐྱོར་དུས་ཚོད་སྤྱིར་ན་ལོ་གཅིག་ཡིན། “ཚོགས་སྒྲིག་རྣམ་པའི”སློབ་གསོའི་ཤེས་ལྡན་མི་སྣའི་བོད་སྐྱོར་བྱེད་སྟངས་དེ་དགེ་རྒན་10ནས་50ཡི་བར་གྲུབ་པའི་ཚོགས་པ་གཅིག་གིས་སློབ་གྲྭ་འབྲིང་ཆུང་གཅིག་ལ་གཅིག་སྡུད་ཐོག་ཁ་གཏད་རོགས་སྐྱོར་བྱས་ཤིང་། བོད་སྐྱོར་ལས་དོན་སྤེལ་ཡུན་ནི་ལོ་གསུམ་ནང་ཐེངས་རེ་བརྗེས་ཀྱི་ཡོད། དེས་རོགས་སྐྱོར་སློབ་གསོའི་ཤེས་ལྡན་མི་སྣ་དང་བོད་ཀྱི་དགེ་རྒན་དང་དོ་དམ་མི་སྣའི་དབར་མཉམ་ཤུགས་ཤིག་ཆགས་རྒྱུར་ཕན་ཐོགས་བྱུང་ནས་ནང་སའི་དོ་དམ་དང་། སློབ་ཞིབ། གསོ་སྦྱོང་། སློབ་གསོ་སྒྱུར་བཅོས་སོགས་ཐད་ཀྱི་སྔོན་ཐོན་ཉམས་མྱོང་རོགས་སྐྱོར་ཐོབ་མཁན་སློབ་གྲྭར་བརྒྱུད་ཁྲིད་བྱས་ཏེ་དཔེ་སྟོན་རང་བཞིན་གྱི་སློབ་གྲྭ་འབྲིང་ཆུང་གཅིག་སྡུད་འཕེལ་རྒྱས་གཏོང་ཐུབ་རྒྱུ་ཡིན་པ་རེད།
“ཚོགས་སྒྲིག་རྣམ་པའི”སློབ་གསོའི་ཤེས་ལྡན་མི་སྣའི་བོད་སྐྱོར་ལས་དོན་སྤེལ་བའི་དོན་སྙིང་ནི། ཕྱི་ཤུགས་ལ་བརྟེན་ནས་ནང་ཤུགས་ལ་སྐུལ་འདེད་གཏོང་རྒྱུ་དང་མཉམ་ཤུགས་ཆགས་པ་བྱས་ནས་འཕེལ་རྒྱས་གཏོང་རྒྱུ་དེ་ཡིན། ཁག་འདིའི་དཔེ་སྟོན་སློབ་གྲྭའི་སྐུལ་ཁྲིད་དང་ཁྱབ་འགྱེད་བརྒྱུད། ས་ཁོངས་ནང་ཁུལ་གྱི་རྨང་གཞིའི་སློབ་གསོ་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་དང་རང་ལྗོངས་ཀྱི་རྨང་གཞིའི་སློབ་གསོའི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་ཡོད། ད་ཐེངས་གཅིག་སྡུད་རོགས་སྐྱོར་བྱས་པའི་དཔེ་སྟོན་རང་བཞིན་གྱི་སློབ་གྲྭ་འབྲིང་ཆུང་20དེ་དག་རང་ལྗོངས་ཀྱི་སློབ་གྲྭ་འབྲིང་ཆུང་1000ཙམ་གྱི་ཁྲོད་ནས་བདམས་ཤིང་། “ཚོགས་སྒྲིག་རྣམ་པའི”སློབ་གསོའི་ཤེས་ལྡན་མི་སྣའི་བོད་སྐྱོར་ལས་དོན་གྱིས་དཔེ་སྟོན་རང་བཞིན་གྱི་སློབ་གྲྭ་འབྲིང་ཆུང་ལ་ཕན་པ་ཐོབ་པ་མ་ཟད། ད་དུང་སློབ་གྲྭ་འབྲིང་ཆུང་དེ་དག་གིས་ལྟེ་བར་བྱས་ནས་ས་ཁུལ་དང་གྲོང་ཁྱེར་གཞན་དག་གི་སློབ་གྲྭའི་སློབ་ཁྲིད་དང་སློབ་ཞིབ་ལས་དོན་ལ་མཛུབ་ཁྲིད་དང་ལྷག་དོན་དུ་རང་ལྗོངས་ཀྱི་རྫོང་རིམ་པ་མན་གྱི་སློབ་གྲྭའི་དགེ་རྒན་གྱི་སློབ་ཁྲིད་ཆུ་ཚད་དང་མི་སྣ་སྐྱེད་སྲིང་བྱེད་པའི་ནུས་པ་ཆེ་རུ་ཡང་ཕྱིན་ཡོད་པ་རེད།
“ཅང་སུའུ་ཞིང་ཆེན་གྱི་སློབ་གསོ་དར་རྒྱས་ཆེ་བའི་སློབ་གྲྭ་ནས་ཡིན་པའི་སློབ་གྲྭའི་སློབ་སྤྱི་དང་། སློབ་དོན་ཀྲུའུ་རེན། སློབ་ཞིབ་ཀྲུའུ་རེན། སློབ་འགན་འཁུར་མཁན་དགེ་རྒན་50ལྷག་ཙམ་བཅས་ཚང་མར་ཕུན་སུམ་ཚོགས་པའི་དོ་དམ་ཉམས་མྱོང་དང་སྔོན་ཐོན་གྱི་སློབ་ཁྲིད་ལག་ལེན་ལྡན་ཡོད་པ་མ་ཟད། སློབ་ཁྲིད་སྒྲིག་ཆས་བཀོད་སྒྲིག་བྱེད་སྟངས་ཐད་ལའང་ཅང་སུའུ་ཡི་སློབ་གྲྭ་མང་ཆེ་བ་ལས་སྔོན་ཐོན་ཆེ་བ་ཡོད”ཅེས་སློབ་གྲྭའི་ད་ཆའི་འགྱུར་ལྡོག་སྐོར་གླེང་སྐབས། ཅང་སུའུ་ནན་ཐུང་སློབ་འབྲིང་དང་པོ་ནས་ཡོང་བའི་ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་གི་སློབ་སྤྱི་ལི་མིང་ཧྲེང་གིས་ངོ་གདོང་ནས་འཛུམ་མདངས་འཕྱུར་བཞིན་དེ་ལྟར་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། ཁག་དང་པོའི“ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་ཤེས་ལྡན་མི་སྣ་པེ་ཅིང་དང་ཅང་སུའུ་སོགས་ནང་སའི་ཞིང་ཆེན་དང་གྲོང་ཁྱེར་གྱི་སློབ་གྲྭ་དང་དེ་བཞིན་སློབ་གསོ་པུའི་ཐད་གཏོགས་མཐོ་སློབ་ཀྱི་ཞོར་གཏོགས་སློབ་གྲྭ་འབྲིང་ཆུང་གི་དོ་དམ་པ་17ཟླ་བ་ལྔ་པ་ཡི་གོང་། ལྷ་ས་དང་། གཞིས་རྩེ། ལྷོ་ཁ། ཉིང་ཁྲི། ཆབ་མདོ་སོགས་གྲོང་ཁྱེར་དུ་བགོས་པ་དང་། རོགས་སྐྱོར་ཐོབ་མཁན་སློབ་གྲྭ་ཁག་ཏུ་བརྟག་ཞིབ་གཏིང་ཟབ་བྱས་ཏེ། དུས་འགོའི་ལས་དོན་སྤེལ་བ་དང་། སློབ་གྲྭར་སློབ་གཉེར་ཁ་ཕྱོགས་གསལ་སྟོན་དང་ལས་ཀའི་འཆར་འགོད་བྱེད་རོགས་བྱས་པར་གྲུབ་འབྲས་རགས་ཙམ་ཐོབ་ཡོད། སློབ་སྐྱོར་ལས་དོན་སྤེལ་རིང་ཞིབ་ཕྲའི་སློབ་ཁྲིད་ལས་འགན་འཁུར་བ་དང་རྗེས་སུ་ད་དུང་དགེ་རྒན་700ལྷག་ཙམ་འདི་ལོའི་སྟོན་དུས་ཀྱི་སློབ་དུས་འགོ་མ་ཚུགས་གོང་བོད་དུ་ཡོང་ནས། རོགས་སྐྱོར་ཐོབ་མཁན་སློབ་གྲྭར“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་བྱ་རྒྱུ་ཡིན་པ་རེད།